བུད་མེད་ཀྱིས་ཆང་རག་ཉོ་མི་ཆོག་པའི་ཁྲིམས་རང་སོར་བཞག་འདུག

ནང་པ་མང་ཤོས་ཡིན་པའི་རྒྱལ་ཁབ་སིང་གྷ་ལའི་ནང་དུ་བུད་མེད་ཀྱིས་ཆང་རག་ཉོ་མི་ཆོག་པའི་ཁྲིམས་རྙིང་པ་དེ་མེད་པ་བཟོ་རྩིས་བྱས་ཀྱང་། སྐྱོན་བརྗོད་དང་ངོ་རྒོལ་ཁག་ལ་བརྟེན་ནས་ཁྲིམས་དེ་རང་སོར་བཞག་ཡོད་པ་རེད་འདུག

ཟླ་༡ པོའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སིང་གྷ་ལའི་གཞུང་གིས་ཕྱི་ལོ་༡༩༥༥ ལོར་རྒྱལ་ཁབ་དེའི་ནང་བུད་མེད་ཀྱིས་ཆང་རག་ཉོ་མི་ཆོག་པའི་ཁྲིམས་བཟོས་པ་དེ་ཕྱིར་བསྡུ་བྱས་ནས། ལོ་ངོ་༡༨ ཡན་གྱི་བུད་མེད་ཚོས་ཆང་རག་ཉོ་ཆོག་པའི་ཁྲིམས་བཟོ་རྒྱུའི་ཐག་གཅོད་བྱས་སྐོར་གསལ་བསྒྲགས་བྱས་ཡོད་འདུག་ཀྱང་། རྒྱལ་ཁབ་དེའི་ཉེར་སྤྱོད་པའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་ཁང་དང་ནང་པའི་འགོ་ཁྲིད་མཐོ་རིམ་ཁག་ཅིག་གིས། ཁྲིམས་རྙིང་པ་དེ་ཕྱིར་བསྡུ་བྱེད་པ་ནི་བུད་མེད་ཚོར་ཆང་རག་འཐུང་བར་སྐུལ་མ་གཏོང་བ་ཡིན་པ་དང་། བྱེད་སྟངས་དེས་སིང་གྷ་ལའི་སྤྱི་ཚོགས་ལ་གནོད་པ་སྐྱེལ་རྒྱུ་ཡིན་པའི་སྐྱོན་བརྗོད་བྱས་ཏེ། སྲིད་འཛིན་སཱི་རི་སེ་ན་ལ་ཐེ་ཇུས་བྱེད་པའི་དགོས་འདུན་བཏོན་པ་ལྟར། ཟླ་༡ པོའི་ཚེས་༡༤ ཉིན་སྲིད་འཛིན་གྱིས་ཁྲིམས་རྙིང་པ་དེ་རང་སོར་གནས་རྒྱུ་ཡིན་པ་དང་། དཔལ་འབྱོར་བློན་ཆེན་ལ་གཞུང་གི་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་ཟིན་སྐོར་བརྗོད་འདུག

སིང་གྷ་ལའི་གཞུང་གིས་བུད་མེད་ཀྱིས་ཆང་རག་ཉོ་ཆོག་པ་དང་། ཨར་ཁང་རྣམས་དུས་ཚོད་རིང་པོ་སྒོ་ཕྱེ་ཆོག་བཟོས་ཡོད་འདུག དཔལ་འབྱོར་ལྷན་ཁང་གིས་ཁྲིམས་རྙིང་པ་དེ་ཕྱིར་བསྡུའི་ཐག་གཅོད་དེ་ནི་ཕོ་མོ་གཉིས་བར་དབྱེ་འབྱེད་མེད་པ་ཡོང་ཆེད་ཡིན་སྐོར་བརྗོད་འདུག་ཀྱང་། སྲིད་འཛིན་གྱིས་ཐག་གཅོད་དེ་ཕྱིར་བསྡུར་བྱེད་དགོས་པའི་བཀའ་བཏང་ཟིན་སྐོར་དང་དེ་ནི་རྩིས་མེད་ཡིན་སྐོར་བརྗོད་ཡོད་པ་རེད།།

རྒྱལ་ཁབ་དེའི་སྲིད་འཛིན་གྱིས་ཆབ་སྲིད་ནང་བུད་མེད་མང་པོའི་མཉམ་ཞུགས་ཡོང་བའི་སྐུལ་མ་བྱས་སྐོར་བསྒྲགས་བཞིན་ཡོད་འདུག་པས། གཞུང་གི་ཕོ་མོ་གཉིས་བར་དབྱེ་འབྱེད་མི་བྱེད་པའི་ཐག་གཅོད་དེ་རྩིས་མེད་བཏང་བར་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག་པ་དང་། གནད་དོན་དེ་ལས་གཞུང་དང་སྲིད་འཛིན་བར་འབྲེལ་བ་ཡག་པོ་མེད་པ་ཡང་མངོན་གྱི་ཡོད་པའི་དཔྱད་བརྗོད་བྱེད་མཁན་ཡང་འདུག

སིང་གྷ་ལའི་ནང་སྤྱིར་བཏང་བུད་མེད་ལོ་ན་སོན་པ་རྣམས་ཀྱིས་ཆང་རག་འཐུང་ཆོག་གི་ཡོད་ཀྱང་ཉོ་ཆོག་གི་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༧༩ ཀློག་གྲངས།