དཀྲོག་གཏམ་རྒྱབ་ཀྱི་དོགས་གཞི།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༢  ཕྱི་ལོ་ ༢༠༡༨/༡ /༡༧  

ཕྱི་ལོ་༢༠༠༨ ལོར་བདེ་སྲུང་ལས་ཁུངས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྒྱ་དམར་གཞུང་གིས་གསང་མྱུལ་བ་ལྔ་བརྒྱ་ཙམ་བཏང་ཡོད་པ་དང་། དེ་དག་གིས་ལས་དོན་སྒྲུབ་དགོས་པའི་དུས་ལ་བབ་ཡོད་ཚུལ་རྒྱ་གཞུང་གིས་བརྗོད་ཡོད་པ་རེད་ཅེས་བསྒྲགས་སོང་། སྐབས་དེར་དེ་ལྟ་བུའི་གནས་ཚུལ་ཁ་གསལ་ཞིག་བསྒྲགས་པ་དེར་ཁུངས་དག་པོ་ཇི་ལྟར་ཡོད་མེད་ཐོག་དོགས་པ་ཅུང་ཙམ་རེ་ཟ་མྱོང་། འོན་ཀྱང་རྩ་བའི་ཆ་ནས་རྒྱ་གཞུང་གིས་གསང་མྱུལ་བ་མང་པོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆེད་གཏོང་བྱེད་ཀྱི་ཡོད་པར་དོགས་པ་བྱེད་དགོས་དོན་གང་ཡང་མེད་ངེས་རེད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་ཞིག་ཡིན་ཕྱིན་ཆད་ནས་རྒྱ་དམར་གཞུང་གི་གསང་མྱུལ་བ་ཡིན་པ་དང་། དོལ་རྒྱལ་བསྟེན་མཁན་ཡིན་པའི་ཞྭ་མོ་འདི་གཉིས་གཡོགས་ཆོག་ཆོག་ལྟ་བུ་བྱེད་བཞིན་ཡོད་པས། བར་ལམ་ནས་བཟུང་རྒྱ་མིའི་གསང་མྱུལ་ཞེས་པའི་ཚིག་དེ་ལའང་དེ་ཙམ་གྱིས་དོ་སྣང་དང་རིན་ཐང་སྤྲོད་མཁན་ཞིག་མེད་པ་ལྟ་བུར་འགྱུར་བཞིན་འདུག འོན་ཀྱང་རྒྱ་གཞུང་གི་གསང་མྱུལ་མང་པོ་ཞིག་ཡོད་ངེས་པ་ནི་གསལ་པོ་རེད་སྙམ།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རྩོད་རྙོག་ཆུང་ཆུང་མཐོ་གང་ལྟ་བུ་ཞིག་ལས་མེད་ཀྱང་། འདོམ་གང་བཟོ་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་མཁན་མང་པོ་ཞིག་འདུག ལྷག་པར་དུ་ལོ་སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་དང་། ལོ་འདིའི་ཨ་རིའི་དོན་གཅོད་ལས་མཚམས་བཞག་པ་དང་འབྲེལ་བའི་ཐོག་ནས་རྩོད་རྙོག་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྐབས་སུའང་། དོགས་པ་ཟ་དགོས་པའི་གནས་ཚུལ་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག སྲིད་སྐྱོང་གི་སྐད་ཆ་བཅད་གཏུབ་བྱེད་པ་དང་། འདྲ་པར་འདྲ་མིན་བཟོ་བ། དེ་བཞིན་ཚོགས་ཟུར་སྤེན་པ་ཚེ་རིང་གི་སྐད་ཆ་བཅད་གཏུབ་དང་འདྲ་པར་སྣ་ཚོགས་བཟོ་བ་སོགས་ཁོང་གཉིས་ཀྱིས་ས་གནས་གང་ཞིག་ཏུ་གཏམ་བཤད་ཅིག་བྱེད་ཀྱི་ཡོད་ནའང་། གཏམ་བཤད་ཀྱི་དུས་ཡུན་རྫོགས་ལ་མ་རྫོགས་ཙམ་གྱི་སྐབས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གཞི་མེད་སྐྱག་རྫུན་དང་དཀྲོག་གཏམ་གྱིས་ལུང་པ་ཁེངས་འགྲོ་བ་ལྟ་བུ་རེད། དཀྲོག་གཏམ་དེ་དག་སུ་ལ་ཁ་གཏད་སྐྱོན་བརྗོད་ཀྱི་རྣམ་པ་བསྟན་ཡོད་ཀྱང་། དེའི་ཕར་ཕྱོགས་ནས་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་པ་ནི་གཅིག་གྱུར་གྱི་འགྲོ་སྟངས་ལྟ་བུ་ཆགས་འདུག

དཀྲོག་གཏམ་རེ་ཟུང་ཕྱོགས་ཕན་ཚུན་གྱི་རྒྱབ་སྐྱོར་བས་བཟོས་པ་ཡིན་སྲིད་ནའང་། མང་ཆེ་བ་ཆེད་མངགས་རྒྱ་གཞུང་གི་ལས་ཀ་བྱེད་མཁན་དག་གིས་དུས་ཚོད་བཏང་ནས་ཕྱོགས་ཕན་ཚུན་གྱི་རྩོད་རྙོག་ཆེ་རུ་བཏང་སྟེ། སྤྱི་ཚོགས་ལ་བརྟན་ལྷིང་མེད་པ་བཟོ་ཆེད་མི་ཁག་ཅིག་གིས་ཕྱོགས་གཉིས་ཀར་དཀྲོག་གཏམ་བཟོས་ནས་སྤེལ་བཞིན་པའི་དོགས་པ་འདུག དཀྲོག་གཏམ་དེ་དག་བཟོ་མཁན་གྱིས་དུས་ཚོད་མང་པོ་ཞིག་གཏོང་དགོས་པས་དུས་རྒྱུན་བྲེལ་བ་གཏན་ནས་མེད་མཁན་ཞིག་ཕལ་ཆེར་ཁག་པོ་རེད། དཀྲོག་གཏམ་དེ་དག་བཟོ་སྟངས་དང་། སྤེལ་སྟངས། མི་སེམས་འཁྲུག་འཇུག་རྒྱུའི་ཐབས་ལམ་སོགས་གང་ལ་བལྟས་ཀྱང་། དཀྲོག་གཏམ་འདི་དག་ནི་ཆེད་གཉེར་རྒྱ་དམར་གཞུང་གིས་སྦྱོང་བརྡར་སྤྲད་ནས་བཏང་བའི་བཙན་བྱོལ་སྤྱི་ཚོགས་ཁ་འཐོར་དུ་གཏོང་བའི་འཆར་གཞི་དམིགས་བསལ་བ་ཞིག་ཡིན་ངེས་སྙམ། དེ་དག་ལས་མི་རེ་ཟུང་ཕྱོགས་སོ་སོའི་རྒྱབ་སྐྱོར་བའི་ནང་དུ་འཚངས་ནས་ཚོར་བ་ཆེན་པོ་ཡོད་མདོག་སྟོན་མཁན་ཡང་ཡོད་ངེས་ནའང་། དེ་དག་གི་དམིགས་ཡུལ་སུ་གང་ལ་རྒྱབ་སྐྱོར་མ་ཡིན་པར་རྒྱ་གཞུང་གི་འདོད་དོན་སྒྲུབ་རྒྱུ་ཙམ་ཞིག་ཏུ་ངོས་འཛིན་བྱེད་ཆོག

ད་དུང་བཙན་བྱོལ་བོད་མི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་མཁན་མང་པོ་ཞིག་གིས་དཀྲོག་གཏམ་དེ་དག་ཆེད་གཉེར་གྱིས་ཁྱབ་སྤེལ་གཏོང་གི་ཡོད་པ་དང་། དཀྲོག་གཏམ་ཕལ་ཆེ་བ་ཕྱོགས་གཅིག་གིས་རང་ཉིད་ཀྱི་ཁ་གཏད་དེ་བྱེད་སྟངས་ཡག་པོ་མིན་པའི་དཔང་རྟགས་སུ་སྤེལ་བ་དང་། ཕྱོགས་གཅིག་ནས་རང་ཉིད་ཀྱི་འབྲེལ་ཡོད་རྣམས་སེམས་ཤུགས་ཆེན་པོ་ཡིན་པ་དང་། ཁ་གཏད་ཕ་རོལ་པོར་མི་དགའ་མཁན་གྱི་མི་མང་པོ་ཡོད་པ་སྟོན་ཆེད་དུ་ཕྱོགས་གཉིས་ཀས་ཁྱབ་སྤེལ་བྱེད་བཞིན་འདུག་ན། དོན་དུ་ཆེད་གཉེར་དཀྲོག་གཏམ་བཟོ་མཁན་ལ་དཀྲོག་གཏམ་དེ་སྤྱི་ཚོགས་ནང་ཁྱབ་དགོས་པ་དང་། དེ་ལ་དོ་སྣང་ཆེན་པོ་སླེབས་དགོས་པ་དེ་ཡིན་པས། ངོ་དེབ་དང་འཕྲིན་ཕྲན་སོགས་སུ་དཀྲོག་གཏམ་དེ་དག་བརྒྱུད་གཏོང་བྱེད་མཁན་རྣམས་ནི་རྒྱ་གཞུང་གི་ལས་ཀ་བྱེད་མཁན་དག་ལ་མེད་ཐབས་མེད་པའི་དང་བླངས་དམག་དཔུང་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད། དེར་བརྟེན་བཙན་བྱོལ་བོད་མི་རྣམས་ཀྱིས་དཀྲོག་གཏམ་དེ་དག་ལ་མིག་དང་རྣ་བ་བཀབ་ནས་དོ་སྣང་མ་བྱས་ན་དཀྲོག་གཏམ་སྤེལ་མཁན་གྱི་དམིགས་ཡུལ་འགྲུབ་ཐབས་གཏན་ནས་མེད།

མདོར་ན་དཀྲོག་གཏམ་དེ་དག་ལ་བརྟེན་ནས་རིམ་པས་སྤྱི་ཚོགས་ཁ་འཐོར་དུ་གྱུར་སོང་ན། བོད་དོན་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་མང་པོ་ཞིག་ཐེབས་འགྲོ་བ་དང་། ༧གོང་ས་མཆོག་ཞལ་བཞུགས་སྐབས་བཙན་བྱོལ་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་མི་འཕྲད་ནའང་། མགོན་པོ་གང་ཉིད་ཞལ་མ་བཞུགས་པའི་དུས་དེར། གཅིག་འོག་གཅིག་མི་འདུ་བར་ཁ་འཐོར་དགུ་འཐོར་དུ་འགྱུར་ངེས་རེད། ༧གོང་ས་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་བཞིན་མང་གཙོའི་ལམ་དུ་བསྐྱོད་ནས་མི་ལོ་དྲུག་ཅུ་ལ་ཉེ་བས། མ་འོངས་པར་ལམ་ལུགས་འདི་ཉིད་བཙན་བྱོལ་བོད་པ་གཅིག་གྱུར་ཡོང་བའི་ཐབས་ལམ་ཉག་གཅིག་དེ་རེད། ལམ་སྲོལ་འདི་ཡང་རྩིས་མེད་བྱས་ནས་སྒྲིག་འཛུགས་འཐོར་སོང་ན། མ་འོངས་པར་གཞིས་ཆགས་ཁག་ལ་ལག་པ་འཛེད་ས་མེད་པ་དང་། གཞུང་གི་ལས་བྱེད་རྣམ་པའི་བགྲེས་ཕོགས་དང་གསོག་དངུལ་སོགས་ཀྱང་མེད་པ། བུ་ཕྲུག་རྣམས་ལ་སློབ་སྦྱོང་ཙམ་ཡང་བྱེད་ཡུལ་མེད་པ་ཞིག་ཏུ་གྱུར་ཟིན་པའི་ཉིན་མོ་རྩ་དོན་འཐབ་རྩོད་ཕར་ཞོགས། ཕྱི་རྒྱལ་ཡུལ་ཁག་ཏུ་ཡོད་པ་རྣམས་མ་ཟད་རྒྱ་གར་དུ་ཡོད་པ་ཚང་མ་རྒྱ་གར་འཁྱམ་པ་ཆགས་འགྲོ་གི་རེད། དེ་བས་ད་ལྟ་ནས་སྒྲིག་འཛུགས་དང་རྩ་དོན་གལ་ཆེར་འཛིན་པ་ལས། དཀྲོག་གཏམ་གལ་ཆེར་བརྩི་མི་རུང་བ་ཧ་ཅང་གལ་ཆེ།།

Share this:
༦༨ ཀློག་གྲངས།