ཨ་རིས་པཱེ་ལི་སེ་ཐན་གྱི་སྐྱབས་བཅོལ་བར་རོགས་དངུལ་གཅོག་ཆ་བཏང་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་པཱེ་ལི་སེ་ཐན་གཞུང་ལ་ཁྲོས་ནས། རྒྱལ་ཁབ་དེའི་སྐྱབས་བཅོལ་བ་རྣམས་ལ་ངལ་སེལ་ལས་གཞི་སྒྲུབ་མཁན་གྱི་ཚོགས་ཆུང་ལ་རོགས་དངུལ་གཅོག་ཆ་བཏང་ནས། ཚོགས་ཆུང་དེར་སེམས་འཚབ་ཆེན་པོ་སྐྱེས་བཞིན་ཡོད་འདུག

ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གཞུང་གིས་སི་རི་ཡ་དང་ཇོར་ཌན། ལཱེ་བྷེ་ནོན། གྷ་ཛ་སོགས་སུ་ཡོད་པའི་པཱེ་ལི་སེ་ཐན་སྐྱབས་བཅོལ་བ་རྣམས་ལ་ངལ་སེལ་ལས་གཞི་སྒྲུབ་མཁན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ངལ་སེལ་ལས་གཞི་ཚོགས་ཆུང་ལ། རོགས་དངུལ་ས་ཡ་༦༥ གཅོག་ཆ་བྱས་ཡོད་འདུག་པས། ཚོགས་ཆུང་དེའི་མགྲིན་ཚབ་པས་ཨ་རིའི་གཞུང་གི་གཅོག་ཆ་དེ་ལ་བརྟེན་ནས། འདས་པའི་ལོ་༧༠ ཡི་ནང་ཚོགས་ཆུང་དེར་འཕྲད་མྱོང་མེད་པའི་དཔལ་འབྱོར་གྱི་ཛ་དྲག་གནས་སྟངས་འཕྲད་བཞིན་ཡོད་སྐོར་བརྗོད་འདུག

རོགས་དངུལ་གཅོག་ཆ་དེས་པཱེ་ལི་སེ་ཐན་གྱི་སྐྱབས་བཅོལ་བ་ས་ཡ་༥ ལས་མང་བར་འཕྲོད་བསྟེན་དང་ཤེས་ཡོན། ལས་ཀ སྡོད་ཁང་། བཟའ་བཅའ་སོགས་ཀྱི་དཀའ་ངལ་འཕྲད་སྲིད་པ་དང་། ད་ལྟའི་ཆར་ལས་གཞི་དེའི་འོག་སློབ་གྲྭ་༧༠༠ ལྷག་ནང་པཱེ་ལི་སེ་ཐན་གྱི་སློབ་མ་འབུམ་ལྔ་ལྷག་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་ངལ་སེལ་ལས་གཞི་ཚོགས་པར་རོགས་དངུལ་སྤྲད་མཁན་ཆེ་ཤོས་དེ་ནི་ཨ་རི་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༦ ལོར་ཨ་རིར་ཨ་སྒོར་ས་ཡ་༣༦༨ སྤྲད་ཡོད་འདུག་ཀྱང་། ཐེངས་འདིར་གཅོག་ཆ་བཏང་དགོས་དོན་ནི། ཚོགས་ཚུང་དེར་རྒྱལ་ཁབ་གཞན་གྱིས་ཞལ་འདེབས་མང་བ་སྤྲོད་པའི་ལེགས་བཅོས་ཡོང་ཆེད་ཡིན་པ་ལས། སུ་གང་ལ་ཉེས་པ་བཏང་བ་མིན་སྐོར་བརྗོད་འདུག་ཀྱང་། དེ་སྔོན་པཱེ་ལི་སེ་ཐན་གཞུང་གི་འགོ་ཁྲིད་ཚོས། པཱེ་ལི་སེ་ཐན་དང་ཨི་ཛེ་རིལ་གྱི་རྩོད་རྙོག་དེ་སེལ་ཆེད་གྲོས་མོལ་ནང་མཉམ་ཞུགས་བྱ་རྒྱུ་མིན་ཁར། ཨ་རིས་གྲོས་མོལ་དེར་བར་གནས་ཀྱི་རྒྱལ་ཁབ་བྱེད་པའི་འོས་བབ་མེད་སྐོར་བརྗོད་སྐབས། ཨ་རིའི་སྲིད་འཛིན་ཊོམ་གྱིས་རོགས་དངུལ་མཚམས་འཇོག་བྱེད་རྒྱུའི་སྡིགས་ར་བསྐུལ་ཡོད་པ་རེད། ཐེངས་འདིར་པཱེ་ལི་སེ་ཐན་གྱི་སྐྱབས་བཅོལ་བའི་ལས་གཞི་ལ་རོགས་དངུལ་གཅོག་ཆ་བཏང་ཡོད་པ་ལས། པཱེ་ལི་སེ་ཐན་གཞུང་ལ་རོགས་དངུལ་གཅོག་ཆ་བཏང་མེད་པ་རེད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནིའོ་གྷེའུ་ཊེ་རེ་ཡིས་གནད་དོན་དེའི་ཐད་ཁོང་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག་པ་དང་། ཨ་རིའི་གཞུང་གིས་རོགས་དངུལ་གཅོག་ཆ་གཏོང་ཡུལ་གྱི་ཚོགས་པ་དེ་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་པ་ཡིན་པ་ལས། པཱེ་ལི་སེ་ཐན་གྱི་ཚོགས་པ་ཞིག་མིན་པ། གནད་དོན་དེའི་ནང་འགྲོ་བ་མིའི་བདེ་སྡུག་ལ་སེམས་འཚབ་སྐྱེས་དགོས་པའི་གནས་སྟངས་ཡོད་སྐོར་བརྗོད་འདུག

ཡུ་རོབ་རྒྱལ་ཁབ་སྦེལ་ཇེམ་གྱིས་ཨ་རིའི་གཅོག་ཆ་ལ་བརྟེན་ནས་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་ཆུང་དུ་གཏོང་ཆེད། ཨ་སྒོར་ས་ཡ་༢༣ རོགས་དངུལ་དུ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཁབ་ཀྱིས་རོགས་དངུལ་གསོག་སྒྲུབ་ཀྱི་ལས་གཞི་ཆེན་པོ་སྤེལ་བཞིན་པ་རེད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁ་ཆེ་དང་ཇིའུ། དེ་བཞིན་ཡི་ཤུ་ཆོས་ལུགས་བཅས་ཀྱིས་རྩ་ཆེན་བརྩི་བཞིན་པའི་གནས་ཆེན་ཇུ་རི་སི་ལམ་དེ་ཨི་ཛེ་རིལ་གྱི་རྒྱལ་སར་ངོས་འཛིན་བྱས་ཡོད་པ་དང་། གནས་ཆེན་དེའི་བདག་དབང་ལ་ཨི་ཛེ་རིལ་དང་པཱེ་ལི་སེ་ཐན་གཉིས་ཀྱིས་རྩོད་བཞིན་ཡོད་པས། པཱེ་ལི་སེ་ཐན་གཙོས་པའི་ཁ་ཆེའི་རྒྱལ་ཁབ་ཁག་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས། སྲིད་འཛིན་ཊོམ་གྱིས་ཐག་གཅོད་དེ་ཕྱིར་བསྡུ་བྱེད་པའི་དགོས་འདུན་བཏོན་པ་མ་ཟད། པཱེ་ལི་སེ་ཐན་གྱིས་ཨི་ཛེ་རིལ་དང་མཉམ་དུ་ཞི་མོལ་བྱེད་འདོད་མེད་ཁར། ཞི་མོལ་དེའི་ནང་ཨ་རི་བར་གནས་རྒྱལ་ཁབ་བྱེད་པའི་འོས་བབ་མེད་སྐོར་བརྗོད་ཡོད་པས། ཊོམ་གྱིས་རྒོལ་ལན་དུ་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་པའི་སྡིགས་ར་བསྐུལ་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༦༢ ཀློག་གྲངས།