བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་རུ་ཁག་ལྷོ་ཀོ་རི་ཡར་འབྱོར་འདུག

དགུན་ཁའི་ཨོ་རྩལ་འགྲན་ཚོགས་སླེབས་ཉེ་བ་དང་བསྟུན། བྱང་ཀོ་རི་ཡའི་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་རུ་ཁག་གི་རྩེད་མོ་བ་རྣམས། ལྷོ་ཀོ་རི་ཡའི་རྩེད་མོ་བ་དང་མཉམ་དུ་སྦྱོང་བརྡར་ཆེད་ལྷོ་ཀོ་རི་ཡར་འབྱོར་ཡོད་འདུག

ཟླ་༡ པོའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་སྐུ་ཚབ་བར་གྲོས་མཐུན་བྱུང་བ་ལྟར། རྒྱལ་ཁབ་དེ་གཉིས་བར་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་(Ice Hockey)རུ་ཁག་ཐུན་མོང་གཅིག་ཟླ་སྒྲིལ་བྱས་ཏེ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་རྩེད་འགྲན་བྱ་རྒྱུ་ཡིན་པ་ལྟར། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཀྱང་དེ་ལྟར་ཆོག་མཆན་སྤྲད་ནས། བྱང་ཀོ་རི་ཡའི་བུད་མེད་རྩེད་མོ་བ་༡༢ ཞིག་ལྷོ་ཀོ་རི་ཡའི་རུ་ཁག་དང་ཟླ་སྒྲིལ་བྱེད་ཆོག་པ་བཟོས་ཡོད་པ་རེད་པས། ཟླ་༡ པོའི་ཚེས་༢༤ ཉིན་བྱང་ཀོ་རི་ཡའི་བུད་མེད་རྩེད་མོ་བ་རྣམས་ལྷོ་ཀོ་རི་ཡར་སྦྱོང་བརྡར་ཆེད་འབྱོར་ཡོད་པ་རེད་འདུག

གྲོས་མཐུན་དེར་ལྷོ་ཀོ་རི་ཡའི་ནང་སྐྱོན་བརྗོད་ཏོག་ཙམ་བྱུང་ཡོད་པ་དང་། དེ་ཡང་རྩེད་འགྲན་སྐབས་ལྷོ་ཀོ་རི་ཡའི་བུད་མེད་འཁྱག་ཐོག་ཧོག་ཀི་རྩེད་མོ་བ་རྣམས་ལ། རྩེད་འགྲན་སྐབས་རྩེད་འགྲན་བྱེད་པའི་དུས་ཚོད་ཉུང་དུ་འགྲོ་ཉེན་ཡིན་པས་ཡིན་འདུག་ཀྱང་། ལྷོ་ཀོ་རི་ཡའི་རུ་ཁག་གི་སྦྱོང་བརྡར་སྤྲོད་མཁན་གྱིས། ཁོང་གི་རུ་ཁག་དེ་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་བེད་སྤྱོད་བྱས་ཡོད་པས་གནས་སྟངས་ཁག་པོ་ཡོད་ཀྱང་། གནད་དོན་དེ་ནི་ལྷོ་ཀོ་རི་ཡའི་རུ་ཁག་གི་དཀའ་ངལ་ལས་དགོས་དམིགས་ཆེ་བ་ཞིག་ཡིན་སྐོར་བརྗོད་འདུག

བྱང་ཀོ་རི་ཡས་ཨོ་རྩལ་འགྲན་ཚོགས་སྐབས་རྩེད་མོ་བ་༢༢ དང་རིག་གཞུང་འཁྲབ་སྟོན་རུ་ཁག་སོགས། ལྷོ་ཀོ་རི་ཡར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་གཏོང་རྒྱུ་ཡིན་པ་དང་། དེ་བཞིན་ཟླ་༣ པའི་ནང་ལྷོ་ཀོ་རི་ཡར་དབང་པོ་སྐྱོན་ཅན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས། བྱང་ཀོ་རི་ཡའི་སྐུ་ཚབ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།

ཐོག་མར་བྱས་ན་བྱང་ཀོ་རི་ཡས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་བྱེད་འཆར་མེད་པ་རེད་དེ། ཕྱི་ལོ་༢༠༡༨ ལོའི་ལོ་གསར་པའི་གཏམ་བཤད་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས། བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག ཟླ་༢ པའི་ནང་ལྷོ་ཀོ་རི་ཡར་འཚོག་རྒྱུ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གཏོང་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། དེ་རྗེས་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇི་ཨན་གྱིས་ཕྱོགས་གཉིས་བར་གནད་དོན་དེའི་ཐད་གྲོས་མོལ་ཡོང་བའི་གྲོས་འགོ་བཏོན་པ་ལྟར། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམ་པའི་བར་ལོ་གཉིས་ནང་ཐེངས་དང་པོར་ས་མཚམས་ཀྱི་གྲོང་གསེབ་ཅིག་ཏུ་གྲོས་མོལ་བྱས་ནས། ད་བར་གྲོས་མོལ་ཐེངས་གསུམ་བྱས་ནས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་གྲོས་མཐུན་ཁག་ཅིག་བྱུང་ཡོད་པ་རེད་དེ། བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞིའི་ཐོག་གྲོས་མཐུན་གང་ཡང་ད་ལྟའི་ཆར་བྱུང་རྒྱུ་ཡིན་པ་རེད།

ཕྱི་ལོ་༢༠༡༥ ལོར་བྱང་ཀོ་རི་ཡས་རྡུལ་མཚོན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྐྱེན། ལྷོ་ཀོ་རི་ཡས་ཕྱོགས་གཉིས་བར་དཔལ་འབྱོར་གྱི་ལས་འཆར་ཞིག་ཕྱིར་འཐེན་བྱས་ནས་བཟུང་། ད་བར་འབྲེལ་ལམ་ཛ་དྲག་ངང་གནས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་རྗེས། ཁོང་གིས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་མཚམས་འཇོག་དགོས་པའི་སྡིགས་ར་བསྟུད་མར་བྱས་རྐྱེན། ཁ་གཏད་གཅོག་བྱེད་དུ་བྱང་ཀོ་རི་ཡས་ཀྱང་རྡུལ་མཚོན་ཚོད་ལྟ་མུ་མཐུད་བྱས་ནས། ཀོ་རི་ཡ་མཚོ་གླིང་ཁུལ་དུ་ཛ་དྲག་གནས་སྟངས་འོག་གནས་པ་རེད་དེ། ཐེངས་འདིར་ཀོ་རི་ཡ་ལྷོ་བྱང་གཉིས་བར་རྩེད་མོའི་ལམ་ནས་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།

འཛམ་གླིང་གི་ལོ་རྒྱུས་ནང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་གཙོས་པའི། རྒྱལ་ཁབ་བར་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་རྩེད་མོ་བེད་སྤྱོད་བྱས་པ་མང་པོ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༧༣ ཀློག་གྲངས།