སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་བསྐོ་བཞག་གནང་འདུག

གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༢༩ པ་འཚོགས་བཞིན་པའི་སྐབས་ཀཿཐོག་དགེ་རྩེ་རིན་པོ་ཆེ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོས་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་སྔ་འགྱུར་རྙིང་མའི་སྤྱི་འཐུས་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་ལ་རྙིང་མའི་དབུ་འཛིན་བསྐོ་བཞག་སྐོར་ལ་གནས་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་དོན། “ཕྱི་ལོ་༢༠༡༨ ཟླ་༡ པོའི་ཚེས ༢༤ དང་། བོད་ཟླ་༡༢ པའི་ཚེས་༧ ཆུ་གཉིས་འཕྲོད་པའི་དུས་ཚེས་ཕུན་ཚོགས་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༢༩ པ་འཚོགས་བཞིན་པའི་ལས་ཉིན་བརྒྱད་པའི་ཐོག སྨོན་ལམ་ཆོས་སྒར་ཆེན་མོའི་ལས་ཁུངས་ནང་དུ་རང་ལུགས་སྔ་འགྱུར་བའི་བླ་ཆེན་རྣམ་པ་དང་། རྙིང་མའི་སྤྱི་འཐུས། སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་པ། གཞན་འབྲེལ་ཡོད་མཁན་སྤྲུལ་སོགས་ཚང་འཛོམས་ཐོག་གྲོས་བསྡུར་བྱས་མཐར་ཚང་མ་བློ་སེམས་གཅིག་མཐུན་གྱིས་དང་པོ་གདན་ས་ཆེན་མོ་ཀཿཐོག་དགེ་རྩེ་རིན་པོ་ཆེ་དང་། རྫོགས་ཆེན་གཉིས་ལས་བརྒྱན་བབ་ལྟར་ཀཿཐོག་དགེ་རྩེ་རིན་པོ་ཆེ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བཞུགས་གསོལ་བཏབ་པ་བཞིན་ཞལ་བཞེས་ཐོབ་ནས། རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་གཙོ་སྨིན་གླིང་མཁན་ཆེན་ནས་འཐུས་མི་ཡོངས་ཀྱི་ཚབ་ཏུ་ཁ་བཏགས་ཉིན་མོ་བདེ་ལེགས་ཕུལ་ནས་མཚམས་འདྲི་ཞུས་རེད། དེ་འཕྲོར་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་གནང་རྒྱུ་དང་། གཞན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་གཞན་བཞི་རིམ་པར་རྒྱན་བབ་ལྟར། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་བསྐོ་བཞག་གནང་བར་གཏན་ཁེལ་བ་དང་། དུས་ཡུན་ལོ་གསུམ་རེར་དབུ་འཛིན་ཐུགས་འགན་བཞེས་དགོས་པ་འང་ཐག་ཆོད་བྱུང་། རྙིང་མའི་དབུ་འཛིན་གདན་ས་ཁག་ནས་རིམ་པར་བསྐོས་པ་ནི་སྔ་འགྱུར་ཚང་སྔར་བཞིན་ཐུགས་མཐུན་ཁྲིམས་གཙང་། ཚང་མས་ནུས་ཤུགས་གཅིག་སྒྲིལ་གྱི་མ་རྩ་བརྟན་པོ་ཡོད་པའི་རྟགས་མཚན་གསལ་བོ་བྱུང་སོང་། འབྱུང་འགྱུར་གྱི་ལོ་མང་པོ་ཞིག་གི་ནང་ལ་དབུ་འཛིན་སྐོར་སེམས་ངལ་མེད་པ་བྱུང་བ་ནི་གཟི་བརྗིད་ཅིག་ལ་ངོས་འཛིན་གནང་གི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

མཁན་པོ་འཇམ་དཔལ་བསྟན་འཛིན་ལ་རྙིང་མའི་དབུ་འཛིན་གསར་པ་ཁྲི་འདོན་མཛད་སྒོ་འཚོག་གི་ཡོད་མེད་དང་དབུ་འཛིན་བསྐོ་བཞག་གནང་སྟངས་སྐོར་དྲིས་པར། ཁོང་གིས། “སང་ཉིན་གུ་རུ་པདྨའི་དུས་ཆེན་ཚེས་བཅུ་དང་ཁེལ་ཡོད་དུས་ཞོགས་པ་ཆུ་ཚོད་༩ པ་ཡས་མས་སུ་རྟེན་འབྲེལ་མཚོན་བྱེད་ཁྲི་འདོན་མཛད་སྒོ་སྟབས་བདེ་ཞིག་སྤེལ་འཆར་ཡིན། དབུ་འཛིན་དང་པོ། སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ། གཉིས་པ་སྐྱབས་རྗེ་ཏིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གསུམ་པ་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། བཞི་པ་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཅས་གུ་རུ་པདྨའི་རྒྱལ་ཚབ་དངོས་བྱོན་ཏག་ཏག་ཕེབས་པ་རེད་ལ་ཁོང་རྣམ་པས་ལམ་དང་ལུགས་སྲོལ་མང་པོ་ཅིག་གཏན་འབེབས་བྱས་ཚར་ཡོད་པ་དང་། རྙིང་མ་ཚང་རང་བཞིན་གྱིས་བླ་མ་དེ་རྣམས་ཀྱི་སློབ་མ་རྡོ་རྗེ་མཆེད་ལྕམ་ཡིན་དུས་ཁ་སང་དེ་རིང་ཡིན་ན་ཡང་དབུ་འཛིན་བསྐོ་ཕྱོགས་ནས་མཚོན་ལས་དོན་ཆེ་ཕྲ་གང་ཡིན་ཡང་གཟི་བརྗིད་དང་ལྡན་པ་ཕྱི་ནང་ཆ་མཚུངས་འདྲ་ཡག་པོ་ཆགས་ཀྱི་འདུག གཙོ་བོ་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་དང་དབྱེར་མ་མཆིས་པའི་བླ་མ་རྣམ་པའི་བཀའ་དྲིན་དང་། ད་ལྟའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཕྱག་ལས་གནང་སྟང་ཡང་འར་འུར་ཟང་ཟིང་མེད་པ་དང་། ཕྱིའི་རྣམ་པ་ལས་ནང་གི་ཡང་སྙིང་གཙོར་བཟུང་གིས་ཕྱག་ལས་གནང་ཡོང་དུས་ལས་དོན་གང་ཡིན་ན་ཡང་བརྟན་པོ་དང་། མཐའ་ཡོད་པ་འདྲ་རེད་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

སྐྱབས་རྗེ་ཀཿཐོག་དགེ་རིན་པོ་ཆེ་ནི། ཕྱི་ལོ་༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཨ་ཛོམ་རྒྱལ་སྲས་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཀརྨ་པ་རིག་པའི་རྡོ་རྗེ་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་༡༩༨༠ ལོར་ཁྲི་འདོན་མཛད་སྒོ་སྤེལ། རིམ་པར་སྤྲུལ་སྐུ་ཉི་ཟླ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ། རྨོག་ཚ་རིན་པོ་ཆེ། ཨ་འཛོམ་འབྲུག་པ་སོགས་ཀྱི་མདུན་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་འགང་བར་བྱས། ཕྱི་ལོ་༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་པ་དང་། ༧གོང་ས་མཆོག་དབུས། འཁྲུལ་ཞིག་རིན་པོ་ཆེ། རྩེ་སྤྲུལ་རིན་པོ་ཆེ། གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་དབང་ལུང་གདམས་ངག་མང་པོ་ཞུས་ཤིང་། འཕགས་པའི་གནས་ཆེན་རྣམས་སུ་སྐུ་འཚམས་ལ་ཡུན་རིང་བཞུགས་ཀྱི་ཡོད་པ་དང་། བར་འཚམས་རྣམས་སུ་འཛམ་གླིང་ཤར་ནུབ་སུ་ཕེབས་ནས་བརྒྱུད་པའི་དབང་ལུང་འཆད་སྤེལ་མཛད་ཀྱིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༢༨༤ ཀློག་གྲངས།