བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་ཐོབ་འདུག

རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་བཞི་པ་(Padma Shri) ཐོབ་མཁན་ཁོངས་སུ། ༧སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་འདེམས་སྒྲུག་བྱུང་འདུག

ཟླ་༡ པོའི་ཚེས་༢༦ ཉིན་ལོ་ལྟར་རྒྱ་གར་གྱི་རྩ་ཁྲིམས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ནས། རྒྱ་གར་གྱི་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཉིན་མོར་སྲུང་བརྩིའི་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་ཁག་མི་འདྲ་བ་གསུམ་སྤྲད་ཀྱི་ཡོད་པ་དང་། ཐེངས་འདིར་མི་༧༣ ལ་རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་བཞི་པ་སྤྲད་རྒྱུ་གཏན་འཁེལ་བྱུང་བའི་ནང་བོད་མི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལ་གཟེངས་རྟགས་དེ་སྤྲད་རྒྱུ་རེད་འདུག

ཐེངས་འདིའི་རྒྱ་གར་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིན་མོར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་༡༠ ཡི་འགོ་ཁྲིད་རྣམས་སྐུ་མགྲོན་གཙོ་བོར་གདན་དྲངས་ཡོད་པ་ལྟར། རྒྱལ་ཁབ་རེ་ནས་མི་རེ་རེར་རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་བཞི་པ་དེ་སྤྲད་རྒྱུ་ཡིན་པ་རེད་འདུག

བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལ་གསར་འགོད་པས་གཟེངས་རྟགས་དེའི་སྐོར་དྲིས་པར། ཁོང་གིས། དེ་ནི་ལོ་མང་པོའི་རིང་ནད་པར་ཕན་ཐོགས་པའི་གྲུབ་འབྲས་ཡིན་པས་དགའ་པོ་བྱུང་སྐོར་དང་། དེ་བཞིན་ལོ་ན་༩༣ ལ་སོན་ཡང་མུ་མཐུད་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི་༧གོང་ས་མཆོག་གི་བཀའ་མངགས་ལྟར་ནད་པར་ཕན་ཐོགས་ཆེད་ཡིན་སྐོར་ལན་འདེབས་གནང་སོང་།

སྨན་པ་ཡེ་ཤེས་དོན་ལྡན་ནི་ཕྱི་ལོ་༡༩༢༧ ལོའི་ཟླ་༥ པའི་ཚེས་༡༥ ཉིན་བོད་ལྷོ་ཁ་རུ་སྐྱེས་པ་དང་། ལོ་༢༠ ལ་གསོ་རིག་སློབ་སྦྱོར་མཐར་ཕྱིན་ཡོད་ཁར། ཕྱི་ལོ་༡༩༦༠ ལོར་བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བྱེད་མཁན་གྱི་གྲས་ཡིན་འདུག ཕྱི་ལོ་༡༩༧༩ བར་སྨན་རྩིས་ཁང་གི་འགན་འཛིན་དང་མཐོ་སློབ་ཀྱི་སློབ་སྤྱི་བྱས་ཡོད་པ་དང་། ཕྱི་ལོ་༡༩༦༠ ནས་༡༩༨༠ བར་བླ་སྨན་པ་གནང་ཡོད་ཁར། འཛམ་གླིང་ཡུལ་གྲུ་གང་སར་ནས་འབྲས་ནད་ཀྱི་ནད་པ་སྟོང་ཕྲག་མང་་པོར་སྨན་བཅོས་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ་དང་བཀྲ་ཤིས་དོན་གྲུབ།

 

Share this:
༢༦༣ ཀློག་གྲངས།