རེ་བ་མེད་པའི་རེ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༣  ཕྱི་ལོ་ ༢༠༡༨/༡ /༢༤

རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཛུལ་དྲག་གནོན་བྱས་པ་ལ་བརྟེན་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་སླེབས་ནས་མི་ལོ་དྲུག་ཅུ་ལ་ཉེ་བ་དང་། ད་ལྟ་ཡང་བོད་རྒྱ་གཉིས་ཀྱི་བསམ་བློའི་འགལ་བ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། འཁོན་འཛིན་དང་མནར་གཅོད་ཀྱི་གནས་སྟངས་ཀྱང་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད་པ་རེད། ཕྱི་ལོ་༡༩༥༩ ལོ་ནས་ད་བར་བོད་རྒྱའི་འཐབ་རྩོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་སོང་མེད་པ་དང་། སྔོན་མ་བཙན་བྱོལ་བོད་མི་མང་པོ་ཞིག་གིས་སྐབས་སོ་སོར་རྒྱ་གཞུང་གི་བྱེད་སྟངས་དང་རྣམ་འགྱུར་ཆུང་ཙག་ཙམ་རེ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་རྒྱུ་དང་། ༧གོང་ས་མཆོག་ལ་བོད་ལ་ཆིབས་བསྒྱུར་བསྐྱང་ཐུབ་པར་རེ་བ་བརྒྱབ་པའི་ལོ་རྒྱུས་བྱུང་ཡོད། དུས་རབས་གསར་པ་འདིའི་ནང་རྒྱ་ནག་གི་དཔལ་འབྱོར་གྱི་ཡར་རྒྱས་སོང་བ་དང་འབྲེལ་རྒྱ་མི་རིགས་ཀྱི་སྤོབས་པ་གནམ་ལ་འཕྱུར་ཞིང་། རྒྱ་གཞུང་གི་ཁ་ཕོ་ཡང་འཛམ་གླིང་གི་ཁྱོན་ཡོངས་སུ་བསྒྲགས་པས་བོད་དོན་ཐག་གཅོད་བྱེད་པའི་འཆར་གཞི་མེད་པ་མ་ཟད་བསམ་བློ་ཙམ་ཡང་གཏན་ནས་མེད།

བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཀྱང་ཁ་ནས་རྩ་དོན་འཐབ་རྩོད། དབུ་མ་དང་། རང་བཙན་སོགས་བཤད་མཁན་ཡོད་ཀྱང་། དོན་དུ་རྒྱ་གཞུང་ལ་རེ་བ་གང་ཡང་མེད་པ་དང་། བོད་པས་རྒྱ་གཞུང་ལ་ཁ་གཏད་གཅོག་མི་ཐུབ་པའི་བསམ་བློའི་ཐོག་ནས་རང་ཉིད་ཀྱི་ལྟོ་གོས་ཁོ་ན་ལ་འབད་བརྩོན་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད། ད་ལྟའི་ཆར་རྒྱ་གཞུང་གིས་སྲིད་བྱུས་ག་འདྲ་ཞིག་བཟུང་ཡང་བཙན་བྱོལ་བོད་མི་དཀྱུས་མའི་ནང་དུ་དེ་ལ་རེ་བ་དང་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཕལ་ཆེར་དཀོན་ཞིང་། བཙན་བྱོལ་བོད་མི་མང་ཤོས་ཀྱིས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་འགྲོ་རྒྱུའི་གྲ་སྒྲིག་དང་འབད་བརྩོན་བྱེད་པ་ལས། བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཐུབ་ན་བོད་དུ་ལོག་རྒྱུའི་རེ་བ་རྒྱག་མཁན་ཡང་བོད་ནས་ཡོང་བའི་གསར་འབྱོར་བོད་དུ་ཕ་མ་སྤུན་མཆེད་ཡོད་མཁན་ཁག་ཅིག་ལས། གཞན་དཀོན་ནས་དཀོན་དུ་འགྱུར་བཞིན་ཡོད་པ་ནི་མིག་སྔའི་གནས་ཚུལ་མང་པོ་ལས་རྟོགས་ཐུབ་པ་ཞིག་རེད། དེ་ཡང་གཙོ་བོ་བསམ་བློ་དང་། སྐད་ཡིག ཁོར་ཡུག གོམས་གཤིས། མཐུན་རྐྱེན་སོགས་གང་ཐད་ནས་བོད་དུ་བསྐྱོད་འདོད་མེད་པའི་གཞོན་སྐྱེས་ཧ་ཅང་མང་པོ་ཡོད།

བོད་གངས་ཅན་ལྗོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་པའི་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། ཡང་ནས་ཡང་དུ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་མགོན་དཔུང་དུ་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་ཡོད་པ་རྒྱལ་སྤྱིའི་སྟེང་དུ་གསལ་སྟོན་གནང་ཡོད། དཔེར་ན་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། “མགོན་པོ་གང་ཉིད་མཆོག་གིས་ངས་ཕ་ཡུལ་བརྗེད་མེད། བརྗེད་ཀྱི་མ་རེད། རྒྱ་ནག་གཞུང་གིས་མོས་མཐུན་བྱུང་ན། བོད་ལ་ལམ་སང་ཡོང་གི་ཡིན་ཅེས་བཀའ་མངགས་གནང་སོང་།”དེ་ཡང་གཞིས་བཞུགས་བོད་མི་མང་ལ་ཐུགས་བརྩེ་བས་གཟིགས་པ་ཞིག་དང་། ཚེ་རབས་མང་པོར་མགོ་ནག་བོད་འབངས་ཡོངས་ཀྱི་མགོན་སྐྱབས་མཛད་རྒྱུའི་གཡར་དམ་བཅས་པ་ལ་བརྟེན་ནས་དུས་དང་གནས་སྐབས་ག་འདྲ་ཞིག་ཡིན་ཡང་གདུལ་བྱ་ཐུགས་ལས་མི་འདོར་བ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཁོ་ན་རུ་གྱུར་ཡོད་ལ། མ་འོངས་པར་ཡང་སྐྱེ་བ་དང་ཚེ་རབས་མང་པོར་མངོན་དང་མི་མངོན་པའི་ཐོག་ནས་བོད་གངས་ཅན་པའི་མགོན་དཔུང་མཛད་ངེས་རེད།

རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་༧གོང་ས་མཆོག་གིས་དབུས་བོད་མི་ཡོངས་ལ་ཁ་ཞེ་གཉིས་མེད་ཀྱིས་ཡག་པོ་དང་དྲང་བདེན་ཞིག་གནང་རྒྱུའི་རེ་བ་དང་ཁོར་ཡུག་གཏན་ནས་མེད་ཀྱང་། ད་ལྟ་རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་ནག་རྒྱལ་ཁབ་ལ་གཅེས་སེམས་དང་སེམས་ཤུགས་ཆེན་པོ་ཞིག་ཡོད་པའི་དབང་དུ་བཏང་ན། རྩོད་རྙོག་གང་ཡང་མེད་པར་བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་འགྱུར་ཐུབ་པར་རེ་བ་རྒྱག་དགོས་པ་དང་། དེ་ལྟ་བུ་ཡོང་བར་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ལས་ལྷག་པའི་ཐབས་ལམ་གཞན་ཞིག་གཏན་ནས་མེད་སྟབས་བསམ་བློ་ངེས་པར་དུ་གཏོང་དགོས་པ་ལྟ་བུ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་རང་ཉིད་ཀྱི་གོ་ས་དང་ཁེ་ཕན་ཙམ་ལ་བསམ་བློ་གཏོང་བ་དང་། རྒྱ་ནག་རྒྱལ་ཁབ་ཁྱོན་ཡོངས་ཀྱི་མ་འོངས་པའི་མདུན་ལམ་དང་འཆམ་མཐུན་ལ་བསམ་བློ་གཏོང་རྒྱུའི་རེ་བ་ཧ་ཅང་ཕྲ། འོན་ཀྱང་༧གོང་ས་མཆོག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ལ་མཚོན་ན་ཁོང་གི་ཐུགས་ལ་དགྲ་དང་གཉེན་གྱི་དབྱེ་བ་མེད་པར་གཅིག་གྱུར་འདྲ་མཚུངས་སུ་གཟིགས་བཞིན་ཡོད།

ནུས་པ་དང་ཤུགས་རྐྱེན་ཆེ་ཤོས་དེ་༧གོང་ས་མཆོག་ཡིན་པས་རྒྱ་གཞུང་གིས་ཁོང་དགྲ་ཡི་དྭངས་མར་བརྩི་བཞིན་ཡོད་ཀྱང་། བོད་པ་སྤྱིའི་གནས་སྟངས་ལ་འགྱུར་བ་ཞིག་འགྲོ་ཐུབ་པ་དང་། གལ་སྲིད་འགྱུར་བ་ཆེན་པོ་ཞིག་འགྲོ་མི་ཐུབ་པའི་དབང་དུ་བཏང་ཡང་། གཞིས་བཞུགས་བོད་མི་རྣམས་ཀྱི་སེམས་པ་ལྷོད་ལ་འབབ་ཐུབ་པའི་ཆེད་དུ་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ལས་ལྷག་གཏན་ནས་མེད་སྟབས། རྒྱ་གཞུང་ལ་གུ་ཡངས་བཟོད་བསྲན་གྱི་སྲིད་བྱུས་ཤིག་མེད་པ་དང་དེ་ལ་རེ་བ་རྒྱག་ཡུལ་ཞིག་གཏན་ནས་མེད་པར་མཐོང་ཡང་། མེས་ཚིག་མེར་གཏུག་ཅེས་པ་བཞིན་རེ་བ་རྒྱག་ཡུལ་རྒྱ་དམར་གཞུང་ཁོ་ན་ལས་མེད་པས། འདིའི་ཐོག་ལ་བསམ་བློ་གཏོང་རྒྱུ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་དང་། གཞིས་བཞུགས་བོད་རིགས་རྒྱ་ཆེའི་མི་མང་གི་རེ་བ་ཉག་གཅིག་ཡིན། དེར་བརྟེན་“རྒྱ་དམར་གྱིས་ཏཱ་ལའི་བླ་མར་སྐུར་འདེབས་བྱེད་མཚམས་བཞག་པ་ནི་བཟང་ཕྱོགས་ཀྱི་བརྡ་རྟགས་ཤིག་ཡིན་ནམ།”ཟེར་བ་གཞུང་འབྲེལ་བརྒྱུད་ལམ་དུ་ཐོན་པ་དེར་རྒྱུ་མཚན་ཡོད་མེད་གང་ལྟར་ཡང་། གོང་གསལ་བྱེད་ཐབས་དེ་ནི་རེ་བ་མེད་པའི་རེ་བ་ཞེས་པ་དེ་ཡིན།།

Share this:
༥༡ ཀློག་གྲངས།