ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་བསྐྱོད་ཡོད་འདུག

བློན་ཆེན་ཀོ་ནོ་ཊ་རོ་རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་ཡོད་འདུག་ཅིང་། དེ་ནི་ལོ་ངོ་གཉིས་མ་ཟིན་ཙམ་གྱི་རིང་ལ་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཞིག་རྒྱ་ནག་ལ་སྐུ་ཚབ་ཏུ་བསྐྱོད་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀོ་ནོ་ཊ་རོ་(Taro Kono)རྒྱ་ནག་ཏུ་བསྐྱོད་ནས་ཟླ་འདིའི་ཕྱི་ཚེས་༢༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་(Wang Yi) དང་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམས་ཕན་ཚུན་ལ་བསྐོར་བསྐྱོད་འགྲོ་རྒྱུའི་ལམ་སྲོལ་བསྐྱར་གསོ་བྱེད་རྒྱུ་དང་། བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་ཡོང་ཆེད་མུ་མཐུད་མཉམ་ལས་བྱ་རྒྱུ། ཕྱིར་འགྱངས་བྱས་པའི་ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ་གསུམ་གྱི་ལྷན་ཚོགས་གང་མགྱོགས་འཚོག་རྒྱུ་སོགས་ཀྱི་ཐོག་ལ་མོས་མཐུན་བྱུང་ཡོད་འདུག ད་ཐེངས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་པ་ནི་ལོ་གཉིས་མ་ཟིན་ཙམ་གྱི་རིང་གི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག་ཅིང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀོ་ནོས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཡཱང་ཅེ་ཆི་གཉིས་དང་ཡང་ཐུག་འཕྲད་བྱས་ཡོད་འདུག

དེ་ཡང་ཐུག་འཕྲད་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡྰིས་བརྗོད་དོན་དུ། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀོ་ནོས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་ཐོག་འབད་བརྩོན་གནང་བར་དགའ་བསུ་ཡོད་ཀྱང་། “སྐད་ཆ་རྣམས་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་དགོས་”ཞེས་བརྗོད་ཡོད་འདུག་པ་དང་། དེ་བཞིན་ཁོང་གིས་“ལོ་གསར་པའི་དུས་འགོ་འདིར་ཁྱེད་རྒྱ་ནག་ལ་ཕེབས་པ་དེས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཉི་ཧོང་གི་འདོད་པ་སྟོན་གྱི་ཡོད་རེད་”ཅེས་སོགས་བརྗོད་ཡོད་འདུག

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀོ་ནོས་རྒྱ་ནག་དང་ཉི་ཧོང་གཉིས་ལ་“འཛམ་གླིང་སྤྱི་དང་ཁྱད་པར་ཨེ་ཤི་ཡའི་ཁུལ་གྱི་སྲ་བརྟན་དང་ཡར་རྒྱས་སྲུང་སྐྱོབ་ཐད་ཀྱི་འོས་འགན་ཆེ་ཤོས་ཡོད་རེད་”ཅེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱིར་བརྗོད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་རེ་བ་འཆང་བཞིན་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག

སྤྱིར་རྒྱ་ནག་དང་ཉི་ཧོང་གཉིས་བར་ལོ་རྒྱུས་རང་བཞིན་ཅན་གྱི་རྩོད་རྙོག་གི་གནད་དོན་ཡོད་པ་དང་། ཤར་རྒྱ་ནག་རྒྱ་མཚོའི་ས་ཁོངས་སུ་བདག་དབང་རྩོད་རྙོག་ཡོད་པ་བཅས་ལས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་འདུག

རྒྱལ་སྤྱིའི་འབྲེལ་ལམ་ཐོག་མཁས་དབང་ཡིན་པའི་ཉི་ཧོང་བ་ཞིག་གིས་འདི་ལོར་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བ་ལྟ་བུའི་གནས་ཚུལ་ཡོད་ཀྱང་། ཤར་རྒྱ་ནག་རྒྱ་མཚོའི་ནང་གི་ས་ཁོངས་བདག་དབང་ཐད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་གནད་དོན་དེ་ཉི་ཧོང་ལ་མུ་མཐུད་གལ་འགངས་ཆེ་ཤོས་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ཅིང་། དེ་བཞིན་ཉི་ཧོང་གི་ལས་དོན་དང་འབྲེལ་བའི་རྒྱ་ནག་གི་མཁས་དབང་ཞིག་གིས། ད་ཐེངས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀོ་ནོ་རྒྱ་ནག་ནང་སྐུ་ཚབ་ཏུ་ཡོང་བའི་དགོས་དམིགས་གཙོ་བོ་ནི་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམས་ཕན་ཚུན་འཚམས་གཟིགས་སུ་བསྐྱོད་རྒྱུ་དེ་བསྐྱར་གསོ་ཡོང་བ་བྱ་རྒྱུ་དེ་ཡིན་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

 

 

Share this:
༢༣༡ ཀློག་གྲངས།