རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཚོན་ཁྲ་མི་འདྲ་བ་གཉིས་བཟོ་རྒྱུ།

རྒྱ་གར་ནང་ཕྱིའི་རྒྱལ་ཁབ་༡༧ ལ་ལས་ཀ་བྱེད་པར་འགྲོ་མཁན་ཡིན་ཁར། འཛིན་རིམ་བཅུ་པ་མ་ཐོན་མཁན་ཚོར་ཕྱི་སྐྱོད་ལག་ཁྱེར་ཚོན་ཁྲ་ལི་ཁྲི་ཅན་ཞིག་སྤྲོད་རྒྱུ་བྱས་འདུག་པར། ཐག་གཅོད་དེ་ནི་མི་མང་བར་དབྱེ་འབྱེད་བྱེད་པ་ཡིན་པའི་སྐྱོན་བརྗོད་དང་། ཁྲིམས་ཁང་དུ་ཞུ་གཏུག་བྱེད་མཁན་ཡང་བྱུང་འདུག

ཟླ་༡ པོའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་རྒྱ་གར་དབུས་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་ཁབ་ཀྱི་ཕྱི་སྐྱོད་ལས་ཁྱེར་གསར་པ་བཟོ་འཆར་ཡོད་པ་དང་། དེའི་ནང་དོ་བདག་གི་ཕ་མིང་དང་ཁ་བྱང་སོགས་འཁོད་ཡོད་པའི་ཤོག་ལྷེ་མཐའ་མ་དེ་མེད་པ་བཟོ་རྒྱུ་དང་། རྒྱལ་ཁབ་༡༧ ལ་ལས་ཀ་བྱེད་པར་བསྐྱོད་སྐབས། འཛིན་རིམ་བཅུ་པ་མ་ཐོན་པ་དང་གནས་སྤོ་བའི་ལས་ཁུངས་ནས་ཞིབ་འཇུག་དགོས་ཡུལ་གྱི་མི་མང་དག་ངོས་འཛིན་གསལ་པོ་དང་བརྒྱུད་རིམ་དེ་ལས་སླ་རུ་ཡོང་ཆེད། མི་མང་དེ་རིགས་ལ་ཕྱི་སྐྱོད་ལག་ཁྱེར་ཚོན་ཁྲ་ལི་ཁྲི་ཅན་ཞིག་སྤྲོད་རྒྱུ་དང་། རྒྱལ་ཁབ་གཞན་ལ་བསྐྱོད་སྐབས་གནས་སྤོ་བའི་ཞིབ་འཇུག་མི་དགོས་མཁན་གྱི་རྒྱ་གར་མི་མང་ཚོར། དུས་རྒྱུན་ལྟར་ཕྱི་སྐྱོད་ལག་ཁྱེར་ཚོན་ཁྲ་སྔོ་ནག་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག

སྤྱིར་བཏང་བྱས་ན་དེ་སྔོན་ནས་ཕྱིའི་རྒྱལ་ཁབ་ཨབ་གྷན་དང་བྷེ་ཧེ་རན། བྷུ་རུ་ནི། ཀུ་ཝེ་ཌ། ཨེན་ཌོ་ནི་ཤི་ཡ། ཇོར་ཌན། ལི་བྷེ་ནོན། ལི་བྷེ་ཡ། མ་ལེ་ཤི་ཡ། ཨོ་མན། ཁ་ཊར། སུ་ཌན། སོ་ཌི་ཨ་རབ། སི་རི་ཡ། ཐའེ་ལན་ཌ། ཨི་མེར་ཨ་རབ་སྤྱི་མཐུན་དང་ཡེ་མན་བཅས་རྒྱལ་ཁབ་༡༧ ལ་ལས་ཀ་བྱེད་པར་འགྲོ་མཁན་རྒྱ་གར་མི་མང་ཁོངས་ནས། ལོ་༡༠ མན་ཆད་དང་༥༠ ཡན་ཆད། དེ་བཞིན་འཛིན་རིམ་༡༠ པ་མ་ཐོན་མཁན་བཅས་ལ་གནམ་ཐང་ནས། གནས་སྤོ་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། ཞིབ་འཇུག་བྱེད་དགོས་ཡུལ་དང་མི་དགོས་མཁན་གཉིས་ཀའི་ཕྱི་སྐྱོད་ལག་ཁྱེར་ཚོན་ཁྲ་སྔོ་ནག་ཡིན་འདུག

ཐེངས་འདིའི་ཐག་གཅོད་དེས་མི་མང་ནང་འཛིན་རིམ་བཅུ་པ་མ་ཐོན་མཁན་རྣམས་གསལ་པོའི་ཐོག་ངོས་འཛིན་ཐུབ་རྒྱུ་ཡིན་པ་དང་། དེ་དག་ལ་སྣང་ཆུང་དང་དབྱེ་འབྱེད་ཀྱི་གནས་ཚུལ་ལྷག་རྒྱུ་ལས་སླ་རུ་འགྲོ་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཁར། རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀཱེ་རེ་ལཱ་ཡི་མཐོ་རིམ་ཁྲིམས་ཁང་དུ། ཁྲིམས་རྩོད་པ་ཞིག་དང་གནས་སྤོ་བའི་ཞིབ་འཇུག་བྱེད་དགོས་ཡུལ་ཡིན་མཁན་མི་སེར་ཞིག་གིས་སྤྱི་མང་བདེ་དོན་ཞུ་གཏུག་བྱས་འདུག་པ་དང་། ཁྲིམས་ཁང་དེས་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་དེའི་སྔོན་བརྡ་བཏང་ཟིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༥༢ ཀློག་གྲངས།