ཟླ་ངོ་བརྒྱད་ཅན་གྱི་བྱིས་པ་བུ་མོ་ཞིག་ལ་བཙན་གཡེམ་བྱས་འདུག

ཟླ་འདིའི་ཕྱི་ཚེས་༣༠ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་ཟླ་ངོ་བརྒྱད་ལས་མ་ཟིན་པའི་བྱིས་པ་བུ་མོ་ཞིག་མོ་རང་གི་གཉེན་ཉེ་ཞིག་གིས་ཕྱི་ཚེས་༢༨ ཉིན་བཙན་གཡེམ་བྱས་ཏེ་རྨས་སྐྱོན་ཚབས་ཆེན་ཤོར་ཡོད་སྟབས། འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་ཆགས་ནས་ད་ལྟ་ལྡི་ལིའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཉེན་རྟོག་པས་རང་ལོ་༢༨ ཡིན་པའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ནས་ཉེས་འཛུགས་བྱས་ཡོད་འདུག་ཅིང་། སྐྱེས་པ་དེ་ནི་ཉིན་གླ་བླངས་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ་བརྒྱུད་ལམ་ཁག་ལ་བརྗོད་ཡོད་འདུག ཁ་སང་ཕྱི་ཚེས་༢༩ ཉིན་གྱི་དགོང་མོར་རྒྱ་གར་གཞུང་འབྲེལ་ལྡི་ལིའི་བུད་མེད་བདེ་དོན་ལྷན་ཚོགས་(Delhi Commission for Women) ཀྱི་ཚོགས་གཙོ་ལྕམ་སཱི་ཝ་ཏི་མ་ལི་ཝལ་(Swati Maliwal) སྨན་ཁང་དུ་བསྐྱོད་ནས་བྱིས་པ་དེར་ལྟ་རྟོག་བྱས་ཡོད་པ་དང་། རྨས་སྐྱོན་ཚབས་ཆེན་ཤོར་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་རྨས་སྐྱོན་ཤོར་བའི་བྱིས་པ་བུ་མོ་དེར་སྨན་བཅོས་ཚད་མཐོན་པོ་བྱེད་དགོས་པ་དང་། གཟུགས་པོའི་ནང་རོལ་དུ་རྨས་སྐྱོན་ཚབས་ཆེན་ཤོར་ཡོད་སྐོར་བརྗོད་ཡོད་འདུག དེ་བཞིན་ལྕམ་སཱི་ཝ་ཏི་མ་ལི་ཝལ་གྱིས་ཊུ་ཊེར་ཐོག་“ཟླ་ངོ་བརྒྱད་ལས་མ་ཟིན་པའི་བྱིས་པ་བུ་མོ་ཞིག་རྒྱལ་ས་ནས་གདུག་རྩུབ་ཆེན་པོའི་ངང་ནས་བཙན་གཡེམ་བྱེད་དུས་ལྡི་ལི་གཉིད་ཇི་ལྟར་ཁུག་ནུས་སམ། ང་ཚོ་ཤིན་ཏུ་ནས་ཚོར་བ་མེད་པ་ཆགས་པ་རེད་དམ། འདི་ང་ཚོའི་ལས་སྐལ་ཡིན་པ་ངོས་ལེན་ཚར་བ་རེད།”ཅེས་དྲི་བའི་ཚུལ་དུ་བསྒྲགས་ཡོད་འདུག

དེ་བཞིན་ལྕམ་སཱི་ཝ་ཏི་མ་ལི་ཝལ་གྱིས་ཊུ་ཊེར་བརྒྱུད་ཐད་ཀར་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ། རྒྱ་གར་ནང་དུ་བུད་མེད་རྣམས་སྲུང་སྐྱོབ་ཡོང་ཕྱིར་ཁྲིམས་དམ་དུ་གཏོང་དགོས་པ་དང་ཉེན་རྟོག་མི་སྣ་མང་དུ་གཏོང་དགོས་སྐོར་གྱི་འབོད་སྐུལ་ཞུས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: