ཐའེ་ཝན་དང་རྒྱ་ནག་བར་གྱི་གནམ་གྲུའི་འཕུར་བསྐྱོད་ཐེངས་༢༠༠ ལྷག་ཕྱིར་འཐེན།

ཟླ་འདིའི་མགོ་སྟོད་དུ་རྒྱ་ནག་དང་ཐའེ་ཝན་གཉིས་བར་མཁའ་ལམ་གསར་པ་བཞི་སྒོ་འབྱེད་བྱས་པ་རྣམས་ལོ་སར་གྱི་སྔོན་རྗེས་སུ་འགྲིམ་འགྲུལ་བ་མང་པོ་ཡོད་པ་དང་སྟབས་བསྟུན་ནས། དངོས་སུ་བེད་སྤྱོད་བྱེད་འཆར་བྱས་ཡོད་ཀྱང་། ཐའེ་ཝན་གྱིས་མོས་མཐུན་མ་བྱས་སྟབས་རྒྱ་ནག་གི་གནམ་གྲུའི་འཕུར་བསྐྱོད་ཐེངས་༢༠༠ ལྷག་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་འདུག

ཕྱི་ཟླ་༡ པོའི་ཕྱི་ཚེས་༣༠ ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་དང་རྒྱ་ནག་གཉིས་བར་མཁའ་ལམ་གྱི་རྩོད་རྙོག་ཆེ་རུ་སོང་ནས། རྒྱ་ནག་གི་གནམ་གྲུའི་འཕུར་བསྐྱོད་ཐེངས་༢༠༠ ལྷག་ཕྱིར་འཐེན་བྱེད་དགོས་ཐུག་ཡོད་འདུག་ཅིང་། གནས་ཚུལ་དེ་ནི་འཆར་ལ་ཉེ་བའི་ལོ་སར་གྱི་གུང་སེང་སྐབས་སུ་བྱུང་བ་ཞིག་ཡིན་སྟབས་ཕན་ཚུན་འགྲིམ་འགྲུལ་བྱེད་མཁན་སྟོང་ཚོ་ཁ་ཤས་ཀྱི་འཆར་གཞི་ལ་བརྡབ་གསིག་ཤོར་ཡོད་སྐོར་དང་། ནམ་རྒྱུན་ནས་ཕྱོགས་གཉིས་བར་འགྲིམ་འགྲུལ་བ་མང་ཤོས་ལོ་སར་གྱི་གུང་སེང་གི་སྐབས་ཡིན་སྐོར་བཅས་ཀྱི་གནས་ཚུལ་འདུག

ཐའེ་ཝན་དང་རྒྱ་ནག་བར་གྱི་མཁའ་ལམ་སྐྱེལ་འདྲེན་མང་ཤོས་བྱེད་མཁན་རྒྱ་ནག་ཤར་ཕྱོགས་མཁའ་ལམ་སྐྱེལ་འདྲེན་ཚོགས་པ་(China Eastern Airlines)དང་། ཞཱ་མན་མཁའ་ལམ་སྐྱེལ་འདྲེན་ཚོགས་པ་(Xiamen Airlines) གཉིས་ཀྱིས། འཆར་ལ་ཉེ་བའི་ལོ་སར་གྱི་སྐེ་མཚམས་སུ་རྒྱ་ནག་དང་ཐའེ་ཝན་གཉིས་བར་ན་འགྲུལ་བཞུད་པ་འཆར་ཅན་ལས་མང་བ་ཡོད་སྟབས་གནམ་གྲུའི་སྐྱེལ་འདྲེན་རྒྱུན་ལྡན་ལས་ལྷག་པ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད་ཀྱང་། ཐའེ་ཝན་གྱིས་མོས་མཐུན་མ་བྱས་སྟབས་ཕྱིར་འཐེན་བྱས་ཡོད་སྐོར་ཟླ་འདིའི་ཕྱི་ཚེས་༣༠ ཉིན་བརྗོད་ཡོད་འདུག དེ་ཡང་རྒྱ་ནག་ཤར་ཕྱོགས་མཁའ་ལམ་སྐྱེལ་འདྲེན་ཚོགས་པས། ལོ་སར་གྱི་གུང་སེང་དང་བསྟུན་ནས་འཆར་གཞི་བཏིང་ཟིན་པའི་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་བར་གྱི་གནམ་གྲུའི་འཕུར་བསྐྱོད་ཐེངས་༢༡༢ ཕྱིར་འཐེན་བྱས་ཡོད་པ་དང་། རྒྱུ་མཚན་མེད་པའི་འགོག་རྐྱེན་དེས་ཁོ་རང་ཚོའི་ཚོང་ལས་ཁང་དང་འགྲིམ་འགྲུལ་བ་རྣམས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ། འགྲིམ་འགྲུལ་བ་སྟོང་ཚོ་མང་པོ་དང་ཁོང་ཚོའི་ནང་མི་རྣམས་ཀྱི་དགོས་མཁོ་ལ་གདལ་བཤིག་ཆེན་པོ་བཏང་ཡོད་སྐོར་བཅས་བརྗོད་ཡོད་འདུག་པ་མ་ཟད། ཞཱ་མན་མཁའ་ལམ་སྐྱེལ་འདྲེན་ཚོགས་པས་ཀྱང་ཉུང་མཐར་གནམ་གྲུའི་འཕུར་བསྐྱོད་ཐེངས་༧༠ ཕྱིར་འཐེན་བྱས་ཟིན་སྐོར་དང་། ཐའེ་ཝན་ནི་བསམ་ཤེས་མེད་མཁན་ཞིག་ཡིན་སྐོར་བཅས་བརྗོད་ཡོད་འདུག

ཟླ་འདིའི་མགོ་སྟོད་དུ་རྒྱ་ནག་མི་མང་མཁའ་ལམ་སྐྱེལ་འདྲེན་འཛིན་སྐྱོང་ཚན་པས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་གཉིས་བར་གྱི་མཚོ་འགག་ཏུ། རྒྱ་ནག་གི་མཁའ་ལམ་འགྲིམ་འགྲུལ་གུ་ཇེ་ཡངས་སུ་གཏོང་ཕྱིར། མཁའ་ལམ་གསར་པ་བཞི་སྒོ་འབྱེད་བྱས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། མཁའ་ལམ་གསར་པ་དེ་དག་འཆར་ལ་ཉེ་བའི་ལོ་གསར་གྱི་སྔོན་དུ་འགྲུལ་བཞུད་པ་མང་པོ་ཡོད་པ་དང་སྟབས་བསྟུན་ནས་བེད་སྤྱོད་བྱེད་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་རེད་འདུག་ཀྱང་། ཐའེ་ཝན་གྱིས་གསར་དུ་སྒོ་འབྱེད་བྱས་པའི་མཁའ་ལམ་གསར་པ་དེ་དག་གི་ཐོག་རྒྱ་ནག་གིས་ཐའེ་ཝན་ལ་གྲོས་བསྡུར་བྱས་མེད་ཁར་མཁའ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་སྣང་མེད་དུ་གཏོང་བའི་བྱ་འགུལ་ཞིག་ཡིན་པ། མི་མང་སྐྱེལ་འདྲེན་གྱི་མཁའ་ལམ་ཞེས་མིང་བཏགས་ཡོད་ཀྱང་། དོན་ངོ་མར་ཆབ་སྲིད་དང་དམག་དོན་ལྟ་བུ་ཚུལ་མིན་གྱི་དམིགས་འདུན་གཞན་གྱི་ཆེད་དུ་ཡིན་པའི་ཡིད་ཆེས་ཡོད་སྐོར་བཅས་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།

དེ་བཞིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨེང་ཝེན་གྱིས་དེ་སྔོན་མཁའ་ལམ་འགྲིམ་འགྲུལ་དང་འབྲེལ་བའི་རྒྱ་ནག་གི་བྱ་འགུལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ཅིང་། མ་གཞི་ཕྱི་ལོ་༢༠༡༦ ལོར་ལྕམ་ཚའེ་ཨེང་ཝེན་ཐའེ་ཝན་གྱི་སྲིད་འཛིན་དུ་སླེབས་ནས་བཟུང་། རྒྱ་ནག་གིས་ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་བཅད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༨༦༧ ཀློག་གྲངས།