རྡོར་གདན་གྱི་འབར་རྫས་རྣམས་ཁ་ཆེ་རོ་ཧིན་གྷའི་འཁོན་ལན་ཡིན་ཟེར།

ཟླ་སྔོན་མའི་ནང་རྡོར་གདན་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ཉེ་འཁོར་དུ། འབར་རྫས་གཅིག་གས་འཐོར་དང་། གཉིས་རྙེད་སོན་བྱུང་བ་ནི་འབར་མའི་ནང་ཁ་ཆེ་རོ་ཧིན་གྷ་ལ་སྡུག་སྦྱོང་གཏོང་གི་ཡོད་སྟབས་དེའི་དགྲ་ཤ་བླངས་པ་ཡིན་ཟེར།

ཟླ་འདིའི་ཕྱི་ཚེས་༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ནུབ་བྷེང་གྷལ་ནས་ཉེན་རྟོག་མི་སྣས་ཟླ་འདིའི་ཕྱི་ཚེས་༡ ཉིན་ཉེ་ཆར་རྡོར་གདན་དུ་འབར་རྫས་འཇོག་མཁན་མི་གཉིས་འཇུ་བཟུང་བྱས་ནས་འདྲི་རྩད་བྱེད་དུས། ཁོང་གཉིས་ཀྱིས་རྡོར་གདན་དུ་འབར་རྫས་༨ འཇོག་རྒྱུའི་འཆར་གཞི་ཡོད་སྐོར་དང་། དེ་ནི་འབར་མའི་ནང་ཁ་ཆེ་རོ་ཧིན་གྷ་ལ་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་ཡོད་སྟབས་དེའི་འཁོན་ལན་ཡིན་སྐོར་བཅས་བརྗོད་ཡོད་འདུག

འབར་རྫས་འཇོག་མཁན་གྱི་ཉེས་ཅན་པ་གཉིས་ནི་བྷང་ལ་དྷེ་ཤེ་ནས་ཡིན་པའི་མཱོ་ཧེམ་མ་དྷི་པེ་གྷམ་བྷར་ཤེཀ་ཞེས་པ་རང་ལོ་༢༤ དང་། ཇཱ་མི་རུལ་ཤེཀ་ཞེས་པ་རང་ལོ་༣༡ ཡིན་པ་གཉིས་རེད་འདུག ཁོང་གཉིས་ནི་བྷང་ལ་དྷེ་ཤིའི་ཇཱ་མ་ཏི་ཨུལ་མུ་ཇ་ཧི་དྷན་(Jamaat-ul-Mujahideen Bangladesh)ཞེས་པ་ཨི་སི་སི་ཁ་ཆེ་འཇིགས་སྐུལ་ཚོགས་པའི་ཚོགས་མི་ཡིན་པའི་དོགས་པ་བྱེད་བཞིན་ཡོད་འདུག

ཉེན་རྟོག་པས་ཉེས་ཅན་པ་གཉིས་ཀྱི་ཅ་དངོས་སྔོག་བཤེར་བྱེད་དུས་རྒྱ་གར་གྱི་ཕྱི་སྐྱོད་ལག་དེབ་དང་། ཁ་པར། གློག་ཀླད། ལག་ཤུབ། གློག་སྐུད། ཁྲིམས་འགལ་གྱི་ཡིག་ཆ། འབར་རྫས་བཟོ་བྱེད་ཀྱི་རྫས་(ammonium nitrate) ཞེས་པ་ཀི་ལོ་༥༠ དང་། དེ་སྔོན་རྡོར་གདན་དུ་འབར་རྫས་དོན་རྐྱེན་གྱི་སྐབས་སུ་རྙེད་སོན་བྱུང་བའི་འགྱིག་ཤོག་ལས་གྲུབ་པའི་སྒམ་དང་གཅིག་པ་གཅིག་རྐྱང་བཅས་སོགས་ཡོད་འདུག རྒྱ་གར་ཉེན་རྟོག་པའི་འགོ་དཔོན་ཞིག་གིས་ཁ་ཆེ་འཇིགས་སྐུལ་ཚོགས་པའི་ཚོགས་མི་གཉིས་དེས་རྡོར་གདན་དུ་འབར་རྫས་༨ འཇོག་རྒྱུའི་འཆར་གཞི་འཐེན་འདུག་ཀྱང་༥ འཇོག་ཐུབ་མེད་སྐོར་བརྗོད་ཡོད་འདུག

འབར་རྫས་འཇོག་མཁན་མཱོ་ཧེམ་མ་དྷི་པེ་གྷམ་བྷར་ཤེཀ་ཞེས་པ་ནི། དེ་སྔོན་རྒྱ་གར་བྷི་ཧཱར་མངའ་སྡེའི་ཤེས་ཡོན་གྱི་བསྟི་གནས་ཁག་ཅིག་ཏུ་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་༢༠༡༢ ནས་༢༠༡༣ བར་ནུབ་བྷེང་གྷལ་ནང་གི་ཁ་ཆེ་འཇིགས་སྐུལ་ཚོགས་པའི་སྡོད་གནས་ཤིག་ཏུ་བྷང་ལ་དྷེ་ཤིའི་ཇཱ་མ་ཏི་ཨུལ་མུ་ཇ་ཧི་དྷན་ཞེས་པའི་བཀོད་སྒྲིག་འོག་འབར་རྫས་བཟོ་རྒྱུ་སློབ་སྦྱོང་བྱས་མྱོང་མཁན་ཞིག་ཡིན་པ་རྒྱ་གར་བྷི་ཧར་མངའ་སྡེའི་ཉེན་རྟོག་པས་བརྗོད་ཡོད་འདུག

ཕྱི་ཟླ་༡ པོའི་ཚེས་༡༩ ཉིན་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ཉེ་འཁོར་དུ་འབར་རྫས་གཅིག་གས་འཐོར་བྱུང་རྗེས་ཉེན་རྟོག་རུ་ཁག་གིས་ཉེ་འཁོར་དུ་མུ་མཐུད་འཚོལ་ཞིབ་བྱས་པ་བརྒྱུད།  དུས་འཁོར་དབང་ཆེན་གྱི་ཆོས་རའི་ཉེ་འཁོར་དུ་ལྗིད་ཚད་ཀི་ལོ་གྷེ་རམ་༡༠ རེ་ཡོད་པའི་འབར་རྫས་གཉིས་རྙེད་སོན་བྱུང་ཡོད་པ་དང་། དེ་གཉིས་རྗེས་སུ་ནུས་མེད་བཟོས་ཡོད་པ་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༡༣༢ ཀློག་གྲངས།