༧གོང་ས་མཆོག་འབྲས་ལྗོངས་ལ་ཕེབས་རྒྱུའི་མཛད་འཆར་ཕྱིར་འཐེན།

འདི་ལོའི་ཕྱི་ཟླ་༣ པའི་ནང་༧གོང་ས་མཆོག་འབྲས་ལྗོངས་ལ་ཆིབས་སྒྱུར་གནང་རྒྱུའི་མཛད་འཆར་དེ་ཕྱིར་འཐེན་གནང་ཟིན་སྐོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་༣ པའི་ཚེས་༢༠ ནས་ཉིན་༩ རིང་རྒྱ་གར་འབྲས་ལྗོངས་སུ་ཆིབས་སྒྱུར་གནང་རྒྱུའི་མཛད་འཆར་དེ་མེད་པ་བཟོས་ཡོད་འདུག་ཅིང་། དེ་ནི་༧མགོན་པོ་གང་ཉིད་ཀྱི་དགུང་ལོའི་བབ་དང་བསྟུན་ནས་སྨན་པ་རྣམ་པས་ཆིབས་སྒྱུར་གྱི་མཛད་རིམ་རྣམས་ཕྱིར་འཐེན་གནང་དགོས་པའི་ལམ་སྟོན་བྱུང་བ་བཞིན་གནང་བ་ཡིན་སྐོར་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷས་འབྲས་ལྗོངས་ཀྱི་ཆོས་དོན་དྲུང་ཆེ་བསམ་གཏན་སྒྲོལ་མ་ལ་འཕྲིན་ཡིག་བསྐུར་བའི་ནང་། སྨན་པ་ཚོས་༧གོང་ས་མཆོག་ལ་ཕྱོགས་ཕེབས་ཆིབས་སྒྱུར་ཉུང་དུ་གནང་རྒྱུ་དང་། ངལ་གསོ་གནང་དགོས་པའི་ལམ་སྟོན་ཕུལ་ཡོད་རྐྱེན། ད་ཐེངས་ཀྱི་མཛད་འཆར་དེ་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་སྐོར་འཁོད་ཡོད་འདུག

ཉེ་ཆར་༧གོང་ས་མཆོག་གིས་རྡོར་གདན་གྱི་མཛད་འཕྲིན་རྣམས་བསྐྱངས་གྲུབ་སྟེ། ལྡི་ལི་ནས་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་རྗེས། དྷ་སའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་ནས་སྐུ་ན་བགྲེས་པོ་ཡིན་སྟབས་ཐང་ཆད་པའི་ཚོར་བ་ཡོང་གི་ཡོད་པ་ཙམ་ལས། སྤྱིར་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་སྐོར་གྱི་བཀའ་ཕེབས་ཡོད་པ་རེད།

དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷས་ཕྱི་ལོ་༢༠༡༨ ལོར་༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་གནང་རྒྱུ་མང་ཆེ་བ་ཕྱིར་འཐེན་ཡིན་སྐོར་ཕྱི་ཟླ་༡ པོའི་འགོ་སྟོད་དུ་བརྗོད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this: