བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཡོང་ནེམ་ལྷོ་ཀོ་རི་ཡར་འགྲོ་རྒྱུ་གཏན་ཁེལ་འདུག

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཡོང་ནེམ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཆེད་ལྷོ་ཀོ་རི་ཡར་འགྲོ་རྒྱུ་གཏན་ཁེལ་འདུག་ཅིང་། དེ་ནི་ད་བར་དུ་ལྷོ་ཀོ་རི་ཡར་བྱང་ཀོ་རི་ཡའི་སྐུ་ཚབ་མཐོ་ཤོས་བསྐྱོད་པ་དེ་ཆགས་ཀྱི་ཡོད་འདུག་པ་མ་ཟད། ཨོ་རྩལ་འགྲན་ཚོགས་སྐབས་ཀོ་རི་ཡའི་རྒྱལ་ཁབ་གཉིས་བར་ཚད་མཐོའི་གྲོས་མོལ་ཞིག་ཡོང་འགོ་འཛུགས་རྒྱུའི་རེ་བ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་མི་མང་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ད་ལྟ་རང་ལོ་༩༠ ལ་སོན་པའི་ཀིམ་ཡོང་ནེམ་(Kim Yong-nam)ཟླ་འདིའི་ཕྱི་ཚེས་༩ ཉིན། ལྷོ་ཀོ་རི་ཡར་འཚོག་རྒྱུའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པ་བྱང་ཀོ་རི་ཡའི་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་སྤེལ་ཡོད་འདུག་པ་དང་། ཁོང་དང་མཉམ་དུ་ལས་བྱེད་༡༨ དང་གཞན་འགོ་ཁྲིད་༣ བཅས་ཁྱོན་མི་༢༢ ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཡོད་འདུག གཞན་ཡང་དབུ་འབྱེད་མཛད་སྒོ་དེའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཀི་པེན་སི་དང་། ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་སོགས་འཛམ་གླིང་གི་དཔོན་རིགས་ཁག་ཅིག་ཀྱང་ཡོང་རྒྱུ་ཡིན་འདུག

ད་ཐེངས་ཀྱི་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་ལྷན་ཚོགས་ཤིག་ལྷོ་ཀོ་རི་ཡར་བསྐྱོད་རྒྱུའི་གནད་དོན་དེས། ཀོ་རི་ཡ་ལྷོ་བྱང་གཉིས་བར་ཚད་མཐོའི་གྲོས་མོལ་འབྱུང་རྒྱུའི་རེ་བ་ཡོད་པ་བསྟན་གྱི་ཡོད་པ་མ་ཟད། བྱང་ཀོ་རི་ཡ་དང་ཨ་རི་གཉིས་བར་གྲོས་མོལ་ཡོང་རྒྱུའི་རེ་བ་ཡོད་པ་བསྟན་གྱི་ཡོད་སྐོར་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་༢ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅཱེ་ཨིན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཁ་པར་བརྒྱུད།  ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་འབྲེལ་བ་མུ་མཐུད་གོང་འཕེལ་དུ་འགྲོ་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་གཞོན་པ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོའི་ཐོག་ཡོང་ཐུབ་རྒྱུ་གལ་ཆེ་ཚུལ་བརྗོད་ཡོད་སྐོར་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕོ་བྲང་གིས་བརྗོད་ཡོད་འདུག་པ་མ་ཟད།  ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀྱང་། ད་ཐེངས་ཀྱི་ལྷོ་ཀོ་རི་ཡར་འཚོག་རྒྱུའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནང་བྱང་ཀོ་རི་ཡ་མཉམ་ཞུགས་བྱ་རྒྱུའི་གནད་དོན་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་སྲིད་སྐོར་བརྗོད་ཡོད་འདུག

དེ་བཞིན་མིང་མ་སྨྲོས་པའི་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕོ་བྲང་གི་ལས་བྱེད་ཅིག་གིས། ལྷོ་ཀོ་རི་ཡར་འཚོག་རྒྱུའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཡོང་ནེམ་ཡོང་རྒྱུའི་གནད་དོན་དེ་ལས། བྱང་ཀོ་རི་ཡར་ཀོ་རི་ཡ་གཉིས་ནང་ཁུལ་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འདོད་འདུན་ཡོད་པ་གསལ་གྱི་ཡོད་པ་མ་ཟད། དེས་བྱང་ཀོ་རི་ཡའི་ལྷག་བསམ་མཚོན་གྱི་ཡོད་སྐོར་བརྗོད་ཡོད་འདུག

ཀིམ་ཡོང་ནེམ་ནི་ནམ་རྒྱུན་དུ་ཕྱི་འབྲེལ་གྱི་ཐོག་ནས་འཚམས་འདྲིའི་ཤིས་ཚིག་དང་། གདུང་སེམས་མཉམ་བསྐྱེད་ཀྱི་འཕྲིན་པ་འབྱོར་ས་དང་གཏོང་མཁན་ཞིག་ཡིན་པ་དང་། ཁོང་ནི་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་དང་མི་འདྲ་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ནམ་རྒྱུན་ནས་གཞུང་འབྲེལ་སྐོར་བསྐྱོད་ལ་འགྲོ་མཁན་ཞིག་ཡིན་འདུག ཕྱི་ལོ་༢༠༡༧ ལོར་ཨི་རན་གྱི་སྲིད་འཛིན་ཧུ་སན་གྱིས་སྲིད་འཛིན་ལས་འཁུར་ཐེངས་གཉིས་པའི་དམ་འབུལ་སྐབས་ཨི་རན་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་༢༠༡༤ ལོར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཆེད་ཨུ་རུ་སུར་ཕྱིན་ཡོད་འདུག་པ་མ་ཟད། ཕྱི་ལོ་༢༠༠༨ ལོར་རྒྱ་ནག་ཏུ་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་ལ་སོང་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༠ ལོར་བྱང་ཀོ་རི་ཡའི་ཆུ་འོག་གི་འབར་མདེལ་དྲག་རྒོལ་ཁྲོད་ནས་ལྷོ་ཀོ་རི་ཡའི་གྲུ་གཟིངས་ལ་གཏོར་སྐྱོན་བྱུང་ནས་མི་༤༦ རྐྱེན་ལམ་དུ་བཏང་ནས་བཟུང་། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་གྲུ་གཟིངས་ཚང་མ་ལྷོ་ཀོ་རི་ཡའི་ནང་ཡོང་རྒྱུར་བཀག་འགོག་དང་། ཀོ་རི་ཡའི་རྒྱལ་ཁབ་གཉིས་ཕན་ཚུན་ལ་འགྲིམ་འགྲུལ་དང་། ཚོང་ལས། རོགས་རེས། བརྗེ་ལེན་བྱེད་རྒྱུ་བཅས་ཚང་མ་མེད་པ་བཟོས་ཡོད་འདུག འོན་ཀྱང་། འདི་ལོའི་ཕྱི་ཟླ་༡ པོའི་ཚེས་༡༧ ཉིན་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་བྱས་ཏེ། ཕྱི་ཟླ་༢ པའི་ཚེས་༩ ནས་༢༥ བར་ལྷོ་ཀོ་རི་ཡར་འཚོག་རྒྱུའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས། ཀོ་རི་གཉིས་ཆིག་སྒྲིལ་གྱིས་དར་ཆ་གཅིག་གི་འོག་ཏུ་རུ་སྒྲིག་གཏོང་རྒྱུ་དང་། དེ་བཞིན་ཕྱོགས་གཉིས་ཀྱི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ཏུ་ཟུང་འབྲེལ་བྱས་ནས་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་(Ice Hockey) རྩེད་འགྲན་བྱ་རྒྱུར་མོས་མཐུན་བྱུང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་སོང་ནས། ཕྱོགས་གཉིས་བར་གྱི་གནད་དོན་ཁག་ཅིག་གི་ཐོག་གྲོས་འགོ་བཏོན་ཡོད་འདུག་ཀྱང་། བྱང་ཀོ་རི་ཡས་རྡུལ་མཚོན་རྣམས་ནུས་མེད་བཟོ་རྒྱུའི་སྐོར་གྲོས་གཞིའི་ནང་མེད་སྐོར་བསྒྲགས་ཡོད་པ་མ་ཟད། དེ་ནམ་ཡང་བྱ་རྒྱུ་མིན་སྐོར་དེ་སྔོན་ཡང་ཡང་དུ་བརྗོད་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༨༧ ཀློག་གྲངས།