གྲྭ་བཀྲ་ཤིས་ཆོས་དབྱིངས་ལ་ཁྲིམས་ཐག་བཅད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་ཀྱི་གདན་ས་དགའ་ལྡན་གྱི་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་སྐབས། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་དྲུག་ལ་བཙོན་མཇུག་གི་ཁྲིམས་ཐག་བཅད་འདུག

དེ་ཡང་ད་ལྟ་དགའ་ལྡན་དགོན་པར་གནས་བཞུགས་རྟའུ་བ་གྲྭ་ཡ་མ་ཚེ་རིང་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན།   ཕྱི་ལོ་༢༠༡༦  ལོའི་ལོ་འཇུག་ཏུ་གྲྭ་བཀྲ་ཤིས་ཆོས་དབྱིངས་ཕྱིར་རང་ཡུལ་དུ་གཉེན་འཕྲད་དུ་ཕེབས་ཏེ། རང་ཁྱིམ་དུ་འབྱོར་ནས་ཟླ་བ་གཅིག་ཙམ་སོང་འཚམས་ཕྱི་ལོ་༢༠༡༦ ཕྱི་ཟླ་༡༡ ཚེས་༢༡  ཉིན་རྒྱ་གཞུང་གིས་རྒྱུ་མཚན་གང་ཡང་མེད་པར་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར་ཡོད་ཀྱང་། མགྱོག་མྱུར་ངང་གློད་གྲོལ་ཡོང་རེ་ལ་དམིགས་ནས་ཡོངས་ཁྱབ་གསལ་བསྒྲགས་སོགས་གང་ཡང་བྱས་མེད་པ་རེད།

ཕྱི་ལོ་༢༠༡༧ གྱི་ལོ་འཇུག་ཙམ་ལ་དར་རྩེ་མདོའི་བཙོན་ཁང་ནས་ཁོང་གི་བཙོན་རོགས་ཞིག་གློད་གྲོལ་བཏང་བ་དེ་ལ་ཁོང་གིས་རྟའུ་བ་དང་ནང་མི་ཚོར་ཁོ་པ་དར་རྩེ་མདོའི་བཙོན་ཁང་ནང་འདུག་ཅེས་ཆ་འཕྲིན་ཞིག་བསྐུར་ཐུབ་པར་བརྟེན་ནང་མི་ཚོས་ཁོང་དར་རྩེ་མདོར་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་། དེ་རྗེས་ཕྱི་ལོ་༢༠༡༧ ཟླ་༡༡ ཚེས་༢༡ ཉིན་ཁོང་ལ་རྒྱ་གཞུང་གིས་ལོ་དྲུག་གི་ཁྲིམ་ཐག་བཅད་འདུག་ཅེས་འབྲེལ་ཡོད་རྒྱུད་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱ་གཞུང་ནས་འཇུ་བཟུང་བྱེད་དགོས་དོན་སོགས་ཀྱི་ཐད་ལ་ད་དུང་ཡང་གནས་ཚུལ་ཁ་གསལ་དང་གསལ་བཤད་སོགས་ག་རེ་བྱས་ཡོད་མེད་ཤེས་ཐུབ་ཀྱི་མེད་པ་རེད། གྲྭ་བཀྲ་ཤིས་ཆོས་དབྱིངས་ལ་རྒྱ་ནག་གཞུང་ཚབ་ཀྱིས་ལམ་ཡིག་སྤྲད་དེ་ཁྲིམས་མཐུན་ངང་ཕ་ཡུལ་དུ་བསྐྱོད་ཀྱང་འཛིན་བཟུང་གིས་ལོ་གཅིག་ལྷག་ལ་ཁྲིམས་འགལ་བཀག་ཉར་བྱས་ཡོད་པ་དང་། ད་ལྟ་གསང་བའི་ཐོག་ནས་བཙོན་མཇུག་ཁྲིམས་ཐག་ལོ་དྲུག་ལ་བཅད་པ་ཞིག་ཡིན་འདུག།  འོན་ཀྱང་ད་དུང་ཁོང་ལ་ཉེས་འཛུགས་ཅི་ཞིག་བྱས་ཡོད་མེད་སོགས་གང་ཡང་བཤད་ཚོད་མི་ཐུག་ཀྱང་། འབྲེལ་ཡོད་ཀྱིས་བཀྲ་ཤིས་ཆོས་དབྱིངས་རྒྱ་གར་དུ་ཡོད་དུས་གསར་འགྱུར་རྒྱུད་ལམ་ཁག་ཏུ་རྟའུ་རུ་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་གསར་འགྱུར་རྒྱུད་ལམ་དུ་འགྲེལ་བརྗོད་བྱས་པར་རྒྱ་ནག་གིས་དོགས་གཞི་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གྲྭ་བཀྲ་ཤིས་ཆོས་དབྱིངས་ནི་ཕྱི་ལོ་༡༩༨༡ ལོར་སྐྱེས་པ་དང་། མདོ་ཁམས་ཏྲེ་ཧོར་རྟའུ་རྫོང་ཁོངས་ཆ་ཤང་ཞོག་ཀ་གྲོང་ནས་ཞིང་། ཕ་མིང་ལ་རྡོ་རྗེ་ཚེ་རིང་དང་མ་མིང་ལ་དཔལ་མོ་ཟེར་གྱི་ཡོད་འདུག ཕ་མ་གཅིག་གི་བུ་སྤུན་བདུན་དང་བུ་མོ་གཉིས་ཡོད་པའི་ནང་ནས་ཆུང་ཤོས་ཡིན་པ་དང་། གཞོན་ནུའི་དུས་ནས་རང་ཡུལ་གྱི་གཞི་དགོན་རྟའུ་ཉི་མཚོ་དགོན་དུ་བཞུགས་ཏེ་འདོན་ས་བཅད་ཕྱག་ལེན་སོགས་ལ་སྦྱང་པ་མཐར་ཕྱིན། ཕྱི་ལོ་༡༩༩༨ ལོར་རྒྱ་དུ་ཕེབས་ཏེ་བྱེས་ཀྱི་གདན་ས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྒྲིག་ཁུངས་སུ་ཞུགས། གཞུང་ཆེན་པོད་ལྔའི་མཚོན་པའི་རྒྱ་བོད་ཀྱི་གཞུང་ལུགས་ཀུན་ལ་ལེགས་པར་སྦྱངས་ཏེ་དགེ་ལུགས་རྒྱུགས་སྤྲོད་ལྷ་རམ་དང་པོའི་བར་སླེབས། ཁོང་ནི་གཤིས་རྒྱུད་བཟང་ཞིང་རང་གཤིས་དྲང་བ། བྱམས་སེམས་ཅན་ཞིག་དང་། ལྷག་པར་རང་མི་རིགས་ལ་གདུང་བ་ཆེ་ཞིང་ལྷག་བསམ་ཅན་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་དང་ཡི་གེ་རིགས་གཞུང་སོགས་ལ་ཤ་ཞེན་ཧ་ཅང་ཡོད་མཁན་ཞིག་ཡིན་པ་འབྲེལ་ཡོད་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག །

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༡༡༣ ཀློག་གྲངས།