ཕྲུ་གུའི་ཚོང་རྒྱག་མཁན་གྱི་སྨན་པ་ཞིག་དང་བཟའ་ཟླ་གཉིས་འཛིན་བཟུང་།

གཉེན་སྒྲིག་མ་བྱས་པའི་སྦྲུམ་མ་རྣམས་ཀྱི་ཕྲུ་གུ་སྐྱེས་བཅུག་རྗེས། ཕྲུ་གུ་འདོད་མཁན་རྣམས་ལ་འཚོང་མཁན་རྒྱ་གར་གྱི་སྨན་པ་ཞིག་དང་ཁོང་གི་བཟའ་ཟླ་གཉིས་འཛིན་བཟུང་བྱས་འདུག

དེ་ཡང་རྒྱ་གར་དབུས་གཞུང་གིས་ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཏྲའི་ནུས་ཕྱོགས་ཀྱི་རྫོང་ཀོ་ལ་པུར་ནས་སྨན་པ་ཞིག་དང་། ཁོང་གི་བཟའ་ཟླ་གཉིས་ཀྱིས་སྐྱེས་མ་ཐག་པའི་བུ་ཕྲུག་གཉིས་བཙོང་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་རྗེས། སྨན་པ་དེས་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༢ པ་ནས་ད་བར་ཕྲུ་གུ་གཉིས་ལ་ཧིན་སྒོར་འབུམ་གཉིས་རེ་བྱས་ནས་བཙོང་ཡོད་པ་ཁས་ལེན་བྱས་ཡོད་འདུག

དེ་ཡང་ཐོག་མར་རྒྱ་གར་དབུས་གཞུང་གིས་ཁྱོ་ཤུགས་གཉིས་ཀྱིས་ལས་ཀ་བྱེད་ཡུལ་གྱི་སྨན་ཁང་ནང་སྔོག་བཤེར་བྱས་རྗེས། ཁོང་གཉིས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་དང་། ཉེན་རྟོག་པ་ཞིག་གིས་སྦི་སྦི་གསར་ཁང་ལ་“མི་གཞན་པ་ག་ཚོད་ཅིག་དང་སྨན་པའི་བར་འབྲེལ་བ་བྱུང་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་”ཅེས་བརྗོད་འདུག

རྒྱ་གར་དབུས་བུ་ཚབ་གསོ་ཉར་དོ་དམ་པའི་(CARA)ལས་བྱེད་ཅིག་གིས། གནས་ཚུལ་དེའི་ཐད་མ་ཧཱ་ར་ཤི་ཏྲའི་མངའ་སྡེའི་རྒྱལ་ས་མུམ་བྷེ་ནས་ཡིན་པའི་སྨན་པ་གཞན་ཞིག་དང་འབྲེལ་བ་ཡོད་སྲིད་སྐོར་དང་། ཁྱོ་ཤུགས་གཉིས་དེས་གཉེན་སྒྲིག་མ་བྱས་པའི་སྦྲུམ་མ་རྣམས་ཀྱི་གནས་སྟངས་ལས་ཁེ་ཕན་བླངས་ནས། ཕྲུ་གུ་སྐྱེས་བཅུག་རྗེས་ཕྲུ་གུ་འདོད་མཁན་རྣམས་ལ་འཚོང་གི་ཡོད་སྐོར་བརྗོད་ཡོད་འདུག

ད་ལྟ་རྒྱ་གར་གཞུང་གིས་སྨན་ཁང་དེའི་ནང་གི་ལས་བྱེད་གཞན་རྣམས་ལ་གནད་དོན་དེ་དང་འབྲེལ་བའི་ཐོག་འདྲི་རྩད་བྱེད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

 

Share this: