བྷེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ནང་ལོ་སར་དགོང་ཚོགས་ཆེན་མོ་འཚོག་རྒྱུ།

ལོ་སར་ཚེས་གཉིས་ཀྱི་ཉིན་རྒྱབ་ནས་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་རྩེད་ཐང་གསར་པའི་ཐོག རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་སར་དགོང་ཚོགས་ཆེན་མོ་འཚོག་རྒྱུ་ཡིན་འདུག་ཅིང་། དེར་བོད་ཀྱི་མཛངས་པ་མཛངས་མ་དང་། ན་གཞོན་གཞས་པ་གཞས་མ་སོགས་༥༠ ཡས་མས་འཛུལ་ཞུགས་བྱ་རྒྱུ་གཏན་ཁེལ་འདུག

འདི་གའི་གསར་འགོད་པས་འཆར་ལ་ཉེ་བའི་ལོ་སར་ཉིན་གཉིས་པའི་དགོང་མོར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག ན་གཞོན་སྒྱུ་རྩལ་བ་རང་ལ་དམིགས་པའི་ལོ་གསར་དགོང་ཚོགས་ཆེན་མོ་ཞིག་འཚོག་རྒྱུ་ཡིན་པ་དང་སྟབས་བསྟུན་ནས་དེའི་སྐོར་གནས་འདྲི་བྱས་པར། སྐབས་དང་པོའི་བོད་ཀྱི་མཛངས་པ་དང་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མས། དུས་ཡུན་གང་ཙམ་གྱི་རིང་ལ་ང་ཚོ་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཁག་ཅིག་གིས་རྩ་ཆེའི་དུས་ཚོད་དང་འགྲོ་གྲོན་མི་ཉུང་བ་ཞིག་བཏང་སྟེ་སློབ་མ་རང་གིས་གཙོ་སྒྲུབ་བྱས་པའི་ལོ་སར་དགོང་ཚོགས་རྒྱས་པ་ཞིག་འཚོག་རྒྱུའི་སྔོན་འགྲོའི་གྲ་སྒྲིག་ཆ་ཚང་བྱས་ཟིན། ཟླ་འདིའི་ཕྱི་ཚེས་༡༧ ཉིན་ལོ་སར་ཚེས་༢ ཀྱི་དགོང་མོར་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་གཞིས་ཆགས་(TDL)ཀྱི་རྩེད་ཐང་གསར་པར་དངོས་སུ་དགོང་ཚོགས་འཚོག་རྒྱུ་ཡིན། དགོང་ཚོགས་ཀྱི་དམིགས་ཡུལ་ནི། སྤྱིར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་དམིགས་འདུན་བཞིན་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ་དེ་ཡིན་ཞིང་། ལྷག་པར་སྒྱུ་རྩལ་ལ་བྱང་བའི་བོད་རིགས་གཞོན་སྐྱེས་ཚོར་གོ་སྐབས་དང་སྡིངས་ཆ་དམིགས་བསལ་བ་ཞིག་བསྐྲུན་ཐབས་བྱ་རྒྱུ་དང་། གཞོན་སྐྱེས་རྣམས་ཀྱི་ནུས་པ་མཉམ་སྤུངས་ཡོང་ཕྱིར་དགོང་ཚོགས་ཀྱི་གོ་སྐབས་བརྒྱུད་དེ་ཕན་ཚུན་འབྲེལ་འདྲིས་ཟབ་མོ་ཞིག་འཇོག་ཐབས་བྱ་རྒྱུ། གཞན་ཡང་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ཀྱི་མ་འོངས་ལས་འཆར་རྣམས་ལམ་ལྷོང་ཡོང་ཕྱིར་ལོ་སར་དགོང་ཚོགས་བརྒྱུད་དེ་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་གཞི་རྒྱ་མི་ཆུང་བ་ཞིག་སྤེལ་འཆར་ཡོད་ཅེས་བརྗོད་བྱུང་།

དེ་བཞིན་དགོང་ཚོགས་ཀྱི་བྱེད་སྒོ་ཁག་དང་སྒྱུ་རྩལ་འཁྲབ་སྟོན་པ། དགོངས་ཚོགས་ལ་དམིགས་བསལ་ཁྱད་ཆོས་ག་རེ་ཡོད་མེད། འགྲོ་སོང་གཏོང་ཕྱོགས་བཅས་ཀྱི་སྐོར་དྲིས་པར། ལོ་སར་ཚེས་གཉིས་ཀྱི་ཉིན་རྒྱབ་ཆུ་ཚོད་༡ པོ་ནས་༦ པའི་བར་བདེ་སྐྱིད་སླར་གསོའི་རྩེད་ཐང་གསར་པར་ཐོག་མར་ཁྲོམ་སྟོན་(Mela)དང་། རྩེད་རིགས་ཁག་ཅིག་གོ་སྒྲིག་བྱ་རྒྱུ་ཡིན། དེའི་ནང་སྲོལ་རྒྱུན་གྱི་རྩེད་རིགས་ཀྱང་ཡོད། དགོང་མོའི་ཆུ་ཚོད་༧ པ་ནས་ལོ་སར་དགོང་ཚོགས་ཆེན་མོ་དངོས་སུ་འགོ་བཙུགས་ནས་ཆུ་ཚོད་༡༠ པའི་བར་གདན་ཞུའི་སྒྱུ་རྩལ་བའི་འཁྲབ་སྟོན་དགོང་ཚོགས་ཡོད། ཆུ་ཚོད་༡༡ ནས་ཞོགས་པ་ཆུ་ཚོད་༣ པའི་བར་མཚན་ཚོགས་འཚོག་རྒྱུའི་ལས་རིམ་ཡང་ཡོད། ལོ་སར་དགོང་ཚོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་པ་རྣམས་ནི། ཚོགས་པའི་དམིགས་ཡུལ་ལྟར་གཞོན་སྐྱེས་ཤ་སྟག་ཡིན། དེའི་ཁྲོད་དུ་བོད་ཕྱི་ནང་གཉིས་ཀར་སྙན་གྲགས་ཆེ་བའི་གཞས་མ་བསྟན་འཛིན་ཀུན་གསལ་དང་བརྒྱད་དབྱངས་སྒྲོལ་མས་གཙོས་པའི་གསར་སྐྱེས་གཞས་པ་གཞས་མ་ཁག་ཅིག་དང་། ༢༠༡༧ ལོའི་བོད་ཀྱི་མཛངས་པ་དང་མཛངས་མ། བྱང་ཨ་རིའི་བོད་ཀྱི་མཛངས་མ། ཨེ་ཤི་ཡའི་བོད་ཀྱི་མཛངས་མ་སོགས་ཁྱོན་ན་གཞོན་འགྲན་ཞུགས་པ་༥༠ ཡས་མས་ཡོད། དེ་དག་ནི་བོད་ཀྱི་གཞས་དང་ཞབས་བྲོ། དགོད་བྲོ་གཏམ་གླེང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་གཞས་དང་ཞབས་བྲོ། དགོད་བྲོ་གཏམ་གླེང་སོགས་སྒྱུ་རྩལ་གྱི་རྣམ་གྲངས་དུ་མའི་ལམ་ནས་འདེམ་སྒྲུག་བྱས་པའི་སློབ་མ་རྣམས་རེད་ཅེས་བརྗོད་བྱུང་། དགོང་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་ནི། སློབ་མ་རང་གིས་གཙོ་སྒྲུབ་བྱས་པའི་ལོ་སར་དགོང་ཚོགས་ཆེཤོས་ཐོག་མ་དེ་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག  དགོང་ཚོགས་འདིའི་ཐོག་མཐའ་བར་གསུམ་ཚང་མ་སློབ་མ་རང་གིས་སྒྲུབ་པ་ཞིག་དང་། དགོང་ཚོགས་ཀྱི་སྒྱུ་རྩལ་བ་རྣམས་ཀྱང་ཕལ་ཆེ་བ་སློབ་མ་རྐྱང་རྐྱང་ཡིན། དེར་བརྟེན་འདི་ནི་བོད་རིགས་སློབ་མས་གཞན་སྟེན་གྱི་བསམ་བློ་དོར་ཏེ་རང་མགོ་རང་ཐོན་གྱི་ཕྱོགས་ལ་གོམ་པ་མདུན་སྤོ་བྱ་བའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱས་ཀྱང་ཆོག་པ་ཡིན། འགྲོ་སོང་གཏོང་ཕྱོགས་དེ་འདི་འདྲ་ཞིག་རེད། རྩ་བའི་ཆ་ནས་ལམ་གྲོན་དང་། སྡོད་ས། ཞལ་ལག་བཅས་ཚང་མ་ང་ཚོ་ཚོགས་པའི་ངོས་ནས་གོ་སྒྲིག་བྱེད་ཀྱི་ཡོད། ཡིན་ན་ཡང་། སློབ་མ་ཁག་ཅིག་ལ་བྷེལ་ཀོབ་ཡས་མས་སུ་སྤུན་མཆེད་དང་གྲོགས་པོ་གྲོགས་པོ་སོགས་སྡོད་གནས་ཡོད་དུས་ཚང་མར་གོ་སྒྲིག་བྱེད་དགོས་ས་མ་རེད། ཅེས་བརྗོད་བྱུང་།

ལོ་གསར་དགོང་ཚོགས་གོ་སྒྲིག་བྱེད་མཁན་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་ནི། ཕྱི་ལོ་༢༠༡༦ ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར་དངོས་སུ་འགོ་བཙུགས་ཡོད་པ་དང་། རྒྱལ་ཁབ་ཤར་ནུབ་མང་པོར་འཐུས་ཚབ་ཡོད་པའི་བོད་རིགས་སློབ་མའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་ཉིད་ཀྱིས་ཤེས་ཡོན་དང་ཆིག་སྒྲིལ། སྐུལ་འདེད་གསུམ་གྱི་རྩ་དོན་གཞིར་བཟུང་ཐོག་ད་བར་སློབ་མའི་མདུན་ལམ་སྐྱེད་སྲིང་དང་ཤེས་ཡོན་གོང་མཐོར་གཏོང་བའི་སླད་དུ་ལས་འཆར་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན་འདུག   དེ་ཡང་ཚོགས་པ་འདི་ནི་ལོ་ལྟར་མཐོ་སློབ་ཏུ་གསར་ཞུགས་བྱེད་བཞིན་པའི་བོད་རིགས་སློབ་མ་དག་ལ་ལམ་སྟོན་དང་རོགས་འདེགས་བྱ་ཆེད་དུ་ཐོག་མར་མཐོ་སློབ་ཀྱི་སྒོ་མོ་ཕྱེ་བ་(Let open the door for college) ཞེས་པའི་མིང་བྱང་འོག་བཙུགས་ཡོད་ཅིང་། རིམ་གྱིས་ལས་དོན་རྒྱ་སྐྱེད་བཏང་སྟེ། སྤྱི་ལོ་༢༠༡༦ ལོར་རྒྱལ་སྤྱིའི་བོད་ཀྱི་སློབ་མའི་ལྷན་ཚོགས་དངོས་སུ་འགོ་བཙུགས་ནས། འདས་པའི་ལོ་ངོ་གཉིས་ལྷག་གི་རིང་གཞི་རིམ་སློབ་གྲྭ་ཁག་ཏུ་བཅར་ནས་སློབ་མ་རྣམས་ལ་མཐོ་སློབ་དང་སློབ་ཚན།  དམིགས་ཡུལ་འདེམས་ཕྱོགས་སོགས་ཀྱི་སྐོར་ལ་གོ་རྟོགས་ལན་མང་སྤེལ་ཡོད་འདུག་ཅིང་། གཞིས་ཆགས་ཁག་དུ་མའི་ནང་སློབ་མའི་ཁྱིམ་བདག་རྣམས་ལ་མཇལ་བཅར་གྱིས་སློབ་མའི་ཤེས་ཡོན་གོང་མཐོར་སླད་དུ་ཁྱིམ་བདག་གི་འགན་འཁྲི་སོགས་དང་དེ་དང་འབྲེལ་བའི་གནད་དོན་གང་མང་ཞིག་གི་སྐོར་ལ་གླེང་སློང་དང་བསམ་ཚུལ་བརྗེ་ལེན་བྱེད་པ། དེ་བཞིན་ཆེད་ལས་མཁས་པ་གདན་ཞུས་ཀྱིས་གཏམ་བཤད་དང་བགྲོ་གླེང་ཡང་ལན་མང་སྤེལ་ཡོད་འདུག གཞན་ཡང་བོད་རིགས་སློབ་མ་རྣམས་ལ་མཐོ་སློབ་ནང་དུ་འཕྲད་བཞིན་པའི་དཀའ་ངལ་ཅི་རིགས་ལ་རོགས་རམ་གང་ཐུབ་བྱེད་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༢༨༩ ཀློག་གྲངས།