བོད་དུ་སླེབས་དུས་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་བྱུང་སོང་།

དྷ་སར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་གི་མྱུར་སྦྱོང་སློབ་གྲྭའི་འགན་འཛིན་རིན་ཆེན་རྡོ་རྗེ་ཉེ་ཆར་བོད་ནང་གཉེན་འཕྲད་དུ་སོང་ནས་ཕྱིར་རྒྱ་གར་དུ་འབྱོར་བ་དང་བསྟུན། གནས་ཚུལ་ཁག་ཅིག་གི་ཐོག་བཅར་འདྲི་ཞིག་བྱས་ཡོད།

དྲི་བ། ཁྱེད་རང་རྒྱ་གར་དུ་ལོ་ངོ་བཅུ་ཕྲག་གཅིག་ལྷག་བསྡད་རྗེས་ཡང་བསྐྱར་བོད་ནང་ཉེ་ཆར་གཉེན་འཕྲད་ལ་སོང་ནས་ཚོར་སྣང་ཆེ་ཤོས་གཅིག་ག་རེ་བྱུང་སོང་།

ལན། སྤྱིར་བཏང་ཚོར་སྣང་འདྲ་མིན་མང་པོ་བྱུང་སོང་། ང་ཕར་གཉེན་འཕྲད་དུ་ཕྱིན་པ་དེ་གཙོ་བོ་ཕ་མ་གཉིས་ལ་ངོ་ཐུག་ཏུ་སོང་བ་ཡིན། ང་ཕ་མ་གཉིས་ལ་ངོ་མ་ཐུག་ནས་ལོ་ངོ་༡༢ ཙམ་རེད་སོང་། ཡུན་རིང་པོ་ཞིག་གི་རྗེས་ནས་ཕ་མ་དང་ངོ་ཐུག་དུས་ཁོང་གཉིས་དངོས་ནས་རྒས་འདུག མགོའི་སྐྲ་དཀར། ཁ་ཡི་སོ་འཐོར། ལུས་ཀྱི་འབྱུང་བཞི་རྒུད་པ་སོགས་སྔོན་དང་མ་འདྲ་བ་མཐོང་དུས་སེམས་ལ་སྐྱོ་སྣང་གི་ཚོར་བ་དམིགས་བསལ་ཞིག་བྱུང་སོང་། ཡང་ཕ་མ་གཉིས་དང་ལོ་ངོ་མང་པོ་ཞིག་ལ་མ་འཕྲད་ནས་ཡང་བསྐྱར་གཅིག་འཕྲད་རྒྱུའི་སྐལ་བ་བྱུང་བ་དེ་ལ་ཡང་དངོས་གནས་དགའ་ཚོར་ཧ་ཅང་གི་ཆེན་པོ་སྐྱེས་བྱུང་། གང་ལྟར་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་དམིགས་བསལ་ཞིག་བྱུང་། གཅིག་དེ་རེད། གཉིས་ནས་ང་ཡིན་ན་ཕ་ཡུལ་ལ་རྒྱུན་རིང་པོར་སོང་ཡོད་མ་རེད།  སྔོན་མ་ཕ་ཡུལ་ལ་ཡོད་དུས་དམིགས་བསལ་རང་ཉིད་སྐྱེས་སའི་ཁོར་ཡུག་ལ་དོ་སྣང་འདྲ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། ད་རེས་ཕ་ཡུལ་ལ་འབྱོར་དུས་ཕ་ཡུལ་གྱི་ས་ཆ་དང་། རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཀྱི་སྣང་བརྙན་དེ་ཚོ་མཐོང་དུས། སོ་སོ་ཕ་ཡུལ་དུ་སྐྱེས་ཀྱང་ཕ་ཡུལ་ལ་སྡོད་རྒྱུ་མ་བྱུང་ནས་རྒྱུན་རིང་པོ་ཞིག་གི་རྗེེས་སུ་ཕ་ཡུལ་ལ་འབྱོར་དུས་ཡར་འདེགས་བཞིན་པ་ལྟ་བུའི་ཚོར་སྣང་དམིགས་བསལ་ཞིག་བྱུང་། ད་དེ་སོ་སོའི་ཕ་ཡུལ་ཟེར་ན་རེད། རང་བྱུང་ཁམས་ཀྱི་མཛེས་ལྗོངས་དེས་ང་རང་ལ་སྤྲད་པའི་ཚོར་བ་མ་འདྲ་ཞིག་གམ། བག་ཆགས་དམིགས་བསལ་ཞིག་རེད་འདུག

དྲི་བ། སྔོན་མ་ཁྱེད་རང་བོད་ནང་ཡོད་དུས་དང་མི་འདྲ་བར་དེང་སང་ཕྱོགས་གང་ཅིའི་ཐད་ནས་འགྱུར་བ་ག་རེ་སོང་ཡོད་པའི་ཚོར་སྣང་བྱུང་།

ལན། ད་སྤྱིར་བཏང་འགྱུར་བ་མང་པོ་སོང་ཡོད་ཀྱི་རེད། བོད་ས་སྤྱི་ཡོངས་སུ་འགྱུར་བ་འདི་འདྲ་ཞིག་སོང་འདུག་ཟེར་ནས་ངས་བཤད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན་ངའི་ཕ་ཡུལ་དེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འོག་རེད། དེ་ཡིན་དུས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཁ་ཤས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཁ་ཤས་ཤིག་ལ་འགྲོ་རྒྱུ་བྱུང་སོང་མ་གཏོགས། གཞན་བོད་ཀྱི་ས་ཆ་ཚང་མར་འགྲོ་རྒྱུ་བྱུང་ཡོད་མ་རེད། ས་ཁུལ་དེ་གཉིས་དང་འབྲེལ་བའི་ཐོག་ནས་ང་རང་གི་མཐོང་སྣང་དང་ཚོར་སྣང་ཞིག་བཤད་ན། དེ་སྔོན་ང་རང་བོད་ནང་ཡོད་དུས་ནས་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིག་ས་རང་སྐྱོང་ཁུལ་གྱི་ས་ཆ་མང་པོ་ལ་ཕྱིན་མྱོང་ཡོད། དེ་གཉིས་ཀྱི་ནང་ལ་མཚོན་ན་སྔོན་དང་མི་འདྲ་བར་འཛུགས་སྐྲུན་གྱི་ཕྱོགས་ནས་འགྱུར་བ་ཧ་ཅང་ཆེན་པོ་སོང་འདུག དེ་བཞིན་སྔོན་མ་ཡིན་ན་དཔེར་ན་ང་ཡོད་ས་ལྟ་བུའི་འབྲོག་པའི་ས་ཁུལ་མང་པོ་ཞིག་ལ་སློབ་གྲྭར་འགྲོ་རྒྱུ་དེ་འདྲ་ཉུང་ཉུང་རེད། སློབ་གྲྭ་མི་གཏོང་རྒྱུར་ཐབས་ཤེས་འཐེན་གྱི་ཡོད་རེད་དེ། དེང་སང་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་གཅིག་མ་གཏོགས་མེད་ནའང་སློབ་གྲྭར་གཏོང་རྒྱུའི་ཐབས་ཤེས་འཐེན་གྱི་འདུག དེ་ཚོ་ངས་འགྱུར་བ་ཆེན་པོ་ཞིག་རེད་དྲན་གྱི་འདུག དེ་ནས་འཚོ་བའི་ཕྱོགས་ནས་འགྱུར་བ་ཆེན་པོ་ཞིག་སོང་འདུག དཔེར་ན་ང་སྔོན་མ་བོད་ནས་ཡར་ཡོང་དུས་ང་ཚོའི་ཕ་ཡུལ་ལ་མཚོན་ན་རླངས་འཁོར་ཡོད་མཁན་ཧ་ཅང་གི་མང་པོ་མ་རེད། ད་ལྟ་ཕལ་ཆེར་མི་ཚང་མར་རླངས་འཁོར་བསྐོར་རྒྱུ་ཡོད་པ་འདྲ་པོ་རེད་འདུག འཚོ་བའི་གནས་སྟངས་ཐད་སྤྱི་ཡོངས་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་ནས་འཚོ་བ་ཡར་རྒྱས་སོང་འདུག་བསམ་པའི་ཚོར་བ་བྱུང་། དེ་ནས་ཤེས་ཡོན་གྱི་ཕྱོགས་ནས་ཡིན་ན་ཡང་། ན་གཞོན་དེ་ཚོས་ཤེས་ཡོན་ལ་དམིགས་བསལ་དོ་སྣང་འདྲ་ཡོད་པའི་ཚོར་བ་བྱུང་། དཔེ་དེབ་འདྲ་མིན་ཀྱི་སྐོར་ལ་ཡིན་ན་རེད། དེ་ནས་བསམ་བློའི་སྐོར་དང་ཆོས་ལུགས་ཀྱི་སྐོར། ལྟ་གྲུབ་ཀྱི་སྐོར། ཚན་རིག།རྩེད་རིགས། ཆབ་སྲིད་སོགས་གནས་སྟངས་ཅི་ཞིག་ཡིན་ན་ཁོང་ཚོས་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག ཤེས་ཡོན་གྱི་ཕྱོགས་ནས་སྔོན་མ་དང་བསྡུར་ན་ད་ལྟའི་ན་གཞོན་ཚོར་དོ་སྣང་ཆེ་བ་ཡོད་པའི་ཚོར་སྣང་བྱུང་། དེ་ཡང་འགྱུར་བ་ཆེན་པོ་ཞིག་རེད་དྲན་གྱི་འདུག དེ་བཞིན་སྔོན་མ་འདྲ་པོ་ཡིན་ན་འབྲོག་པའི་ས་ཁུལ་མང་ཆེ་བར་འཁྲུག་འཛིང་མང་པོ་བྱེད་ཀྱི་ཡོད་རེད། མི་གཅིག་གིས་གཅིག་བསད་ན་གསོད་མཁན་དེ་དཔའ་བློ་ཁོག་ཅན་བརྩི་ཡི་ཡོད་རེད། རེད་དེ། ད་ལྟའི་ཆར་འཁྲུག་རྩོད་བྱེད་མཁན་ཡོད་ཀྱང་། མི་གཅིག་གིས་གཅིག་བསད་ན་དེ་ཆོ་མེད་པའི་བྱ་བ་རེད་བསམ་པའི་ཚོར་བ་དེ་སྔོན་མ་ལས་ཤུགས་ཆེ་བ་འདུག དེ་ཡང་གཅིག་བཟང་ཕྱོགས་ནས་འགྱུར་བ་འགྲོ་འདུག་བསམ་བསམ་བྱུང་། ལྷག་པར་ཏུ་དེ་འདྲའི་སྐོར་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་བོད་ནང་གི་དགེ་བའི་བཤེས་གཉེན་མང་པོ་དང་སློབ་གསོ་བ། སྤྱི་ཚོགས་སྟེང་གི་ཤེས་ཡོན་པ་མང་པོས་སློབ་གསོ་དང་ཤེས་ཡོན་སྐོར། དེ་བཞིན་དཔལ་འབྱོར། འཕྲོད་རྟེན། ཁོར་ཡུག་དང་བདེ་འཇག་སོགས། བརྗོད་གཞི་འདྲ་མིན་ཀྱི་སྐོར་ལ་བཀའ་མོལ་དང་གསུང་བཤད་གནང་མཁན་མང་པོ་བྱུང་གི་ཡོད་ས་རེད། ནང་འཁྲུག་བྱུང་བ་དེའང་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་བཀའ་སློབ་དང་སློབ་གསོ་ཡང་ནས་ཡང་དུ་གནང་གི་རེད་ཟེར། དེ་ཡིན་དུས་དེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏན་ཏན་ཐེབས་ཀྱི་འདུག་བསམ་པའི་ཚོར་སྣང་བྱུང་སོང་།

དྲི་བ། བོད་ནང་གི་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་བྱེ་བྲག་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱུས་ལོན་གྱི་ཚད་གཞི་ག་འདྲ་ཞིག་ཡོད་པའི་ཚོར་སྣང་བྱུང་།

ལན། བཙན་བྱོལ་བོད་མིའི་གནས་སྟངས་དང་བོོད་མིའི་སྒྲིག་འཛུགས་ཀྱིི་གནས་སྟངས་སྐོར་གནས་ཚུལ་ག་ཚོད་འགོ་འཚོས་ཀྱི་ཡོད་མེད་ངས་གསལ་པོ་གང་ཧ་གོ་མ་སོང་། ཡིན་ནའང་བོད་ནང་གི་བོད་མི་རྒན་གཞོན་ཕོ་མོ་མང་པོ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཇལ་འདོད་ཀྱི་འདུན་པ་དང་རེ་བ་ཤུགས་ཆེན་པོ་འདུག

དྲི་བ། ཁྱེད་ཀྱིས་ད་ལྟ་བོད་ནང་གི་བོད་མི་རྣམས་ལ་༧རྒྱལ་རིན་པོ་ཆེ་མཇལ་རྒྱུའི་ཐོག་ལ་རེ་བ་ཆེན་པོ་འདུག་གསུང་པ་རེད། དེས་ན་ཁོང་རྣམ་པས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ནས་མཇལ་ཐུབ་པ་ཡོང་གི་རེད་བསམ་པའི་ཆོད་སེམས་ཡོད་པ་དེ་འདྲ་རེད་འདུག་གམ། ག་འདྲ་རེད།

ལན། དེང་སང་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་དེབ་ཅིག་སྤྲོད་ཀྱི་ཡོད་རེད། དེ་བརྒྱུད་ནས་གནས་བསྐོར་ཡོང་མཁན་མང་པོ་ཡོང་གི་ཡོད་པ་དེ་ང་ཚོས་ཤེས་གསལ་རེད། དེ་མིན་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་མིན་གྱི་སྐད་ཆ་དེ་འདྲ་ངས་ཁོང་ཚོ་བརྒྱུད་ནས་གང་ཡང་གསལ་པོ་ཤེས་མ་སོང་། ཡིན་ནའང་ཁོང་རང་ཚོ་མང་པོ་ཞིག་ལ་མཇལ་འདོད་ཀྱི་འདུན་པ་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་།

དྲི་བ། ད་ཐེངས་ཁྱེད་རང་སོང་ནས་འབྲེལ་འདྲིས་བྱུང་བ་དང་། མཐོང་ཐོས་བྱུང་བའི་ཐོག་ནས་བལྟས་ན་བཙན་བྱོལ་བོད་མི་ལ་གཞིས་ལུས་བོད་མིའི་ངོས་ནས་བོད་ཀྱི་རྩ་དོན་གྱི་ཐད་ནས་རེ་བའི་ཚད་གཞི་ག་འདྲ་ཞིག་ཡོད་པའི་ཚོར་སྣང་བྱུང་།

ལན། དེ་ང་ལ་དམིགས་བསལ་གང་ཡང་བཤད་རྒྱུ་མེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དོ་སྣང་བྱུང་གི་ཡོད་མེད་ཀྱི་སྐོར་ལ་ང་བོད་ལ་སོང་ནས་སུ་གང་དང་སྐད་ཆ་བྱུང་མ་སོང་། ཡང་བཙན་བྱོལ་བོད་གཞུང་ཟེར་ནས་རེ་བ་ཆེན་པོ་ཞིག་རྒྱག་གི་འདུག་བསམ་པའི་ཚོར་སྣང་གང་ཡང་མ་བྱུང་ལ། རེ་བ་རྒྱག་གི་མི་འདུག་བསམ་པའི་ཚོར་སྣང་དེ་འདྲ་ཡང་བྱུང་མ་སོང་། ང་ལ་མཚོན་ན་གནད་དོན་དེའི་སྐོར་དེ་ནམ་རྒྱུན་དུ་བཏང་སྙོམས་འདྲ་པོ་ཞིག་རེད།

དྲི་བ། བོད་ནས་བཙན་བྱོལ་ལ་ཡོང་སྟེ་རྒྱུན་རིང་པོ་བསྡད་རྗེས་སླར་བོད་ནང་བསྐྱོད་ནས་སྡོད་མཁན་མང་པོ་ཞིག་ཡོད་རེད། ཁོང་ཚོའི་འཚོ་བ་སྐྱེལ་སྟངས་ག་འདྲ་ཡིན་མིན་དང་། དེ་བཞིན་ཁོང་ཚོའི་ངོས་ནས་བཙན་བྱོལ་བོད་པ་རྣམས་ཀྱི་ཐོག་ལ་དགོངས་ཚུལ་འདི་འདྲ་ཞིག་འདུག་བསམ་པའི་ཚོར་སྣང་བྱུང་ངམ།

ལན།   དེ་འདྲ་མི་ཁ་ཤས་ལས་མང་པོ་དང་ཐུག་མ་སོང་། ཡིན་ན་ཡང་། ཁོ་ཚོ་ཕར་ཕྱོགས་ལ་འཚོ་བའི་གནས་སྟངས་ཀྱི་ཐད་ནས་ཡག་པོ་ཡོད་ས་རེད། འཚོ་བ་སྐྱེལ་སྟངས་མང་ཆེ་བ་ཚོང་ལ་ཁ་ཕྱོགས་འདུག ཚོང་གི་ཐོག་ལ་དོ་སྣང་དམིགས་བསལ་འདུག ཁ་ཤས་ཀྱིས་དབྱིན་ཡིག་དགེ་རྒན་དང་ཡུལ་སྐོར་སྣེ་ཤན་པའི་ལས་ཀའང་བྱེད་ཀྱི་འདུག  ཡང་ཁ་ཤས་ཀྱིས་ཡིག་སྒྱུར་སོགས་བྱ་བ་སྣ་ཚོགས་དང་འཚོ་བ་སྐྱེལ་སྟངས་འདྲ་མིན་རེད་འདུག སྤྱིར་བཏང་བོད་ནས་ང་རང་ཚོ་སླར་ཡང་མཉམ་དུ་ཐུག་ནས་སྐད་ཆ་བཤད་དུས་ཚང་མ་བོད་ནས་ཚུར་རྒྱ་བལ་གཉིས་ལ་ཡོང་མྱོང་མཁན། དེ་ནས་ཡང་བསྐྱར་བོད་ནང་ཕྱིར་ལོག་ནས་འདུག་མཁན་གཅིག་པ་ཡིན་སྟབས། བརྒྱུད་རིམ་འདྲ་པོ་ཡིན་དུས་ང་ཚོས་ཕན་ཚུན་གྱི་གནས་ཚུལ་ཤེས་ཀྱི་ཡོད་རེད། དེའི་སྐོར་ལ་དམིགས་བསལ་སྐད་ཆ་འདྲ་པོ་གང་བྱུང་མ་སོང་།

 

དྲི་བ། ཁྱེད་རང་བོད་ནང་བསྡད་པའི་རིང་དང་། རྒྱ་ནག་དེ་བར་ཡར་མར་འགྲུལ་བཞུད་བྱེད་དུས་མྱོང་ཚོར་དམིགས་བསལ་འདྲ་གང་བྱུང་། ཡང་ན་དཀའ་ངལ་དམིགས་བསལ་འདྲ་འཕྲད་སོང་ངམ།

ལན། མྱོང་ཚོར་ངས་གོང་དུ་བཤད་པ་བཞིན་ཕ་མ་དང་ཐུག་པ་དེ་རེད། དེ་ནས་གཞན་དམིགས་བསལ་གྱི་མྱོང་ཚོར་འདྲ་པོ་ང་ལ་གང་མ་བྱུང་། དཀའ་ངལ་དམིགས་བསལ་དེ་འདྲ་ཡང་བྱུང་མ་སོང་།

དྲི་བ། བཙན་བྱོལ་དང་བོད་ནང་གཉིས་བར་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཐད་ཁྱད་པར་ག་འདྲ་ཞིག་མཐོང་སོང་།

ལན། སྤྱིར་བཏང་བོད་ནང་ལ་བོད་མི་མང་བ་ཡོད་རེད། དེ་ནང་བཞིན་སྐད་ཡིག་གི་སྤྱོད་སྒོ་ཡང་བཙན་བྱོལ་དང་བསྡུར་ན་ཧ་ཅང་ཆེ་བ་ཡོད་རེད། མ་ཟད་བོད་ནང་གི་བོད་མི་ཚོས་བོད་སྐད་བཤད་དུས་བོད་སྐད་དག་མོ་དང་དེ་སྔོན་ངས་རྩ་བ་ནས་གོ་མྱོང་མེད་པའི་ཐ་སྙད་གསར་པ་མང་པོ་ཞིག་བཀོལ་སྤྱོད་བྱེད་ཀྱི་འདུག དེ་ཚོ་ཅ་དངོས་གསར་པ་རྣམས་ཀྱི་མིང་གསར་པ་རྣམས་རེད་འདུག གཞན་སྐད་ཡིག་གི་ཐད་ནས་དམིགས་བསལ་དོ་སྣང་འདྲ་པོ་ཞིག་ག་རེ་བྱུང་སོང་ཟེར་ན། ང་ཡར་མར་ཕྱིན་ས་མང་ཆེ་བ་འབྲོག་ཁུལ་རེད། འབྲོག་ཁུལ་ནས་སྦྲགས་སྐད་མི་བཤད་རྒྱུའི་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག གཞན་སྐད་ཡིག་རང་གི་ཐོག་ལ་སློབ་གཉེར་བྱེད་མཁན་ཡང་མང་པོ་འདུག  བཙན་བྱོལ་ནང་ནས་སྐད་ཆ་བཤད་དུས་བྱ་ཚིག་གི་མ་འདང་ནས་བྱ་ཚིག་གཅིག་གིས་བྱ་ཚིག་མང་པོ་ཞིག་གི་ཚབ་བྱས་ནས་བཤད་ཀྱི་ཡོད་རེད་ཨ། ང་ཕར་བོད་ལ་འགྲོ་དུས་ཁོང་ཚོ་མཉམ་དུ་སྐད་ཆ་བཤད་དུས་ང་རང་གི་བྱ་ཚིག་བཀོལ་སྤྱོད་བྱེད་སྟངས་འགྲིག་གི་མེད་པའི་ཚོར་སྣང་བྱུང་སོང་། གང་ཡིན་ཟེར་ན་ང་སྐད་ཆ་སྟངས་འདི་ལ་ཅུང་ཙམ་གོམས་ཡོད་རེད། དེ་ནམ་རྒྱུན་སྐད་ཆ་བཤད་དུས་ཁ་ནས་ཤོར་འགྲོ་གི དེ་ཁྱད་པར་ཆེན་པོ་ཞིག་རེད་དྲན་བྱུང་།

དྲི་བ། བཙན་བྱོལ་ནས་སློབ་ཐོན་ཟིན་པ་དང་སློབ་སྦྱོང་བྱེད་མཁན་མང་པོ་ཞིག་ཡོད་དུས། དེ་དག་དང་བོད་ནང་གི་ན་གཞོན་བར་ལ་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་འཛིན་སྟངས་ཐད་ལ་མི་འདྲ་བ་ག་རེ་ཞིག་མཐོང་བྱུང་།

ལན། དེ་གཉིས་ལ་ཁྱད་པར་ཕྲན་ཙམ་ཡོད་པའི་ཚོར་སྣང་བྱུང་ལ། ཡོད་ཀྱང་དགོས་པ་འདྲ་རེད། བོད་ནང་ལ་མཚོན་ན་ཕ་མ་སྤུན་མཆེད་ལྷན་དུ་ཡོད་རེད། སློབ་སྦྱོང་གི་བརྒྱུད་རིམ་ནང་དཀའ་ངལ་ག་རེ་འཕྲད་ནའང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་བྱེད་མཁན་ཡོད་རེད། བཙན་བྱོལ་ནང་ལ་དེ་འདྲ་རང་མ་རེད། ཡིན་ནའང་བཙན་བྱོལ་ནང་ལ་མཚོན་ན་སློབ་སྦྱོང་ཡག་པོ་བྱེད་མཁན་ཚོར་མདུན་ལམ་རྒྱ་ཆེན་པོ་རེད་ལ། ཕུགས་རྒྱང་རིང་པོ་ལ་དམིགས་ཡུལ་འཛིན་མཁན་དེ་འདྲའང་མང་པོ་ཡོད་རེད། བོད་ནང་དུ་མཚོན་ན་ཁོ་རང་ཚོའི་ལས་ཀ་ག་རེ་ཡིན་ན་ཡང་ཆེད་ལས་རང་གི་ཐོག་ལ་འགྲོ་རྒྱུའི་ཁ་ཕྱོགས་འཛིན་མཁན་ཅུང་ཙམ་ཡོད་ས་རེད། དཔེར་ན། ཚོང་གི་ཐོག་ནས་ཡིན་ན་དཔལ་འབྱོར་རིག་པར་ཆེད་སྦྱོང་བྱས་ཏེ་ཆེད་ལས་རང་གི་ཐོག་ལ་དོ་སྣང་བྱས་ནས་མ་འོངས་པའི་མི་ཚེའི་ཁ་ཕྱོགས་དེ་ཆེད་ལས་དེ་རང་གི་ཐོག་བསྐྱོད་ཐུབ་པ་དང་། འཚོ་བ་ཡང་དེའི་ཐོག་ནས་བསྐྱལ་ཐུབ་པ་ཞིག་ལ་ཁ་ཕྱོགས་འཛིན་མཁན་མང་པོ་རེད་འདུག ལྷག་ཏུ་ང་འགྲོ་སའི་ས་ཆ་ཁག་ནས་གཞས་དང་ཞབས་བྲོ། གློག་བརྙན་འཁྲབ་སྟོན་པ། གློག་བརྙན་སྒྲིག་སྦྱོར་བ་ལྟ་བུའི་སྒྱུ་རྩལ་གྱི་ལམ་བུར་བསྐྱོད་མཁན་གྱི་ན་གཞོན་ཅུང་ཙམ་ཡོད་ས་རེད་བསམ་པའི་ཚོར་སྣང་བྱུང་། གཞན་བོད་ཕྱི་ནང་གཉིས་ཀྱི་ན་གཞོན་རྣམས་ཀྱི་བར་ལ་ཁྱད་པར་ཆེན་པོ་གཅིག་དེ་ཚོང་གི་ཐོག་ལ་རེད་འདུག དེང་སང་བོད་ནང་གི་མི་ཚོ་དང་ལྷག་པར་དུ་ན་གཞོན་དེ་ཚོ་ཚོང་གི་སྟེང་ལ་དོ་སྣང་དང་དབྱིངས་ཆེན་པོ་འདུག དེ་སྔ་ཡིན་ན་བོད་ནང་ནས་ཚོང་རྒྱག་མཁན་རྣམས་ཚོང་གི་ཐོག་ཆེད་སྦྱོང་བྱེད་མཁན་ཧ་ཅང་དཀོན་པོ་མེད་པ་ལྟ་བུ་རེད། རེད་དེ་ད་ལྟ་ཡིན་ན་ཆེད་དུ་ཚོང་ལས་ཐོག་སློབ་སྦྱོང་བྱས་ནས་དེའི་སྒང་ནས་བྱ་བ་སྒྲུབ་སྟེ་འགྲོ་རྒྱུར་ཁ་ཕྱོགས་འཛིན་མཁན་མང་པོ་འདུག

དྲི་བ། ཁྱེད་རང་བོད་ནང་གཉེན་འཕྲད་དུ་མ་སོང་གོང་བོད་ནང་འགྲོ་ན་འདི་འདྲ་ཞིག་ཡིན་གྱི་རེད་བསམ་པའི་ཚོད་དཔག་ཅིག་ཡོད་སྲིད། དངོས་སུ་བོད་ནང་འབྱོར་དུས་ཚོད་དཔག་དེ་དང་ལྡོག་ཕྱོགས་སུ་འགྲོ་བའི་གནས་སྟངས་འདྲ་བྱུང་སོང་ངམ།

ལན། དེ་འདྲ་བྱུང་སོང་། སྔོན་མ་ཕ་ཡུལ་ལ་ཡོད་དུས་འཕྲུལ་རིགས་དང་བརྡ་འཕྲིན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་མ་རེད། ནམ་རྒྱུན་ནང་མི་ལྷན་འཛོམས་བྱུང་དུས་གཅིག་གིས་སྐད་ཆ་བཤད་དུས་ཚང་མས་ཉན་ནས་ཕན་ཚུན་ཁ་བརྡ་ལྷུག་པོར་བྱས་ནས་བསྡད་ཀྱི་ཡོད་རེད། དེ་སྐྱིད་པོ་ཞིག་ཀྱང་ཡིན། ངས་སྔོན་མ་ནང་བཞིན་ཕ་ཡུལ་ལ་སོང་དུས་ཕན་ཚུན་སྐད་ཆ་ལྷོད་ལྷོད་དང་ལྷུག་པོར་བཤད་ནས་བསྡད་རྒྱུ་ཡོད་རེད་བསམ་སོང་། ཡིན་ན་ཡང་། ཕ་ཡུལ་དུ་འབྱོར་དུས་དེ་འདྲ་རེད་མི་འདུག དཔེར་ན་མི་གསུམ་ལྟ་བུ་ཞིག་མཉམ་དུ་འཛོམས་ནས་གཉིས་ཀྱིས་ཕན་ཚུན་སྐད་ཆ་བཤད་བཞིན་ཡོད་ན་མི་གཞན་དེས་ཁ་པར་བཀོལ་ནས་སྐད་ཆ་བཤད་མཁན་དེ་གཉིས་དང་འབྲེལ་བ་མེད་པ་ལྟ་བུ་རེད་འདུག སྔོན་མ་ནང་བཞིན་སྐད་ཆ་ཉན་རེས་དང་བཤད་རེས་ཀྱི་དྲོད་དེ་ཡལ་ཚར་འདུག ཐག་ཉེ་ས་ན་ཡོད་པའི་མི་རྣམས་ཐག་རིང་དུ་གྱུར་ཡོད་པའི་སྣང་བ་ཞིག་བྱུང་། དེ་འགྱུར་བ་ཆེན་པོ་ཞིག་སོང་འདུག ཇ་ཁང་ཟ་ཁང་དུ་འགྲོ་དུས་དྲ་བ་ཡག་པོ་ཡོད་སྟབས་མི་རེའི་ལག་ཏུ་ཁ་པར་རེ་བཟུང་ནས་ཁ་པར་ལ་འགོ་འཐོམ་འདུག་པ་ལས་སྐད་ཆ་ལྷོད་ལྷོད་བྱས་ནས་བཤད་དེ་སྡོད་པའི་སྔོན་མའི་ཁོར་ཡུག་དེ་ཧ་ཅང་ཉམས་འདུག དེ་ལྡོག་ཕྱོགས་ཀྱི་ཚོར་བ་འདྲ་པོ་ཞིག་བྱུང་སོང་ལ། ཡག་པོ་མི་འདུག་བསམ་པའི་ཚོར་སྣང་ཡང་བྱུང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཅར་འདྲི་བྱས།

Share this: