རྒྱལ་སྤྱིའི་ངོས་འཛིན་མེད་པའི་ཚོགས་པའི་ཚོགས་གཙོ།

ཚོགས་པ་དེའི་སྐབས་༡༠ པའི་ལོ་འཁོར་ཚོགས་ཆེན་གྱི་ཚོགས་འདུ་དེ་ལོ་འདིའི་ཕྱི་ཟླ་༥ ཚེས་༢༧ ནས་༣༠ བར་ཨི་ཊ་ལིའི་རྒྱལ་ས་རོམ་ནང་འཚོགས་ཏེ་ཚོགས་འདུའི་མཇུག་བསྡོམས་ཉིན་བོད་མི་ངག་དབང་ཆོས་འཕེལ་ཚོགས་པ་དེའི་ཚོགས་གཙོ་གསར་པར་བསྐོ་གཞག་དང། ཨབ་ཀཱ་ཛ་ཡི་ནས་ཡིན་པའི་ལྕམ་ལཱ་ན་ཨ་གྷར་བྷ་ཚོགས་གཞོན་དུ་བསྐོ་གཞག་གནང་འདུག ངོས་འཛིན་མ་ཐོབ་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་དེ་ནི་ཕྱི་ལོ་༡༩༩༡ ལོར་ཐོག་མར་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།

ngawang choephelཚོགས་ཆེན་དེའི་སྐབས་སུ་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པའི་ནང་དུ་སོག་པོ་དང་བོད། དེ་བཞིན་ཡུ་གུར་བཅས་ཀྱི་རང་དབང་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུའི་ཐོག རྒྱལ་ཁབ་དེ་དག་ནང་རྒྱ་ནག་གཞུང་གིས་འཛིན་པའི་རྒྱ་རིགས་གནས་སྤོ་བྱེད་པའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། རྒྱལ་ཁབ་དེ་དག་གི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཡོད་ཅེས་བཀོད་ཡོད་པ་རེད།

ད་ལྟའི་ཆར་ཚོགས་པ་དེའི་ནང་འཛམ་གླིང་ཁྱོན་ཡོངས་ནས་ཚོགས་མི་གྲངས་༦༠ ཙམ་ཡོད་པ་རྣམས་གདོད་མའི་མི་རིགས་དང། གྲངས་ཉུང་མི་རིགས། རྒྱལ་སྤྱིའི་ངོས་འཛིན་མ་ཐོབ་པའམ་བཙན་འཛུལ་བྱས་པའི་ས་ཁུལ་ཁག་བཅས་ཀྱི་ཚོགས་མི་ཤ་སྟག་ཡིན་འདུག ཚོགས་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་དང་ས་ཆའི་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང༌། ཁོར་ཡུག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དང༌། དེ་བཞིན་རྩོད་རྙོག་རྣམས་འཚེ་བ་མེད་པའི་ལམ་ནས་སེལ་རྒྱུར་འབད་བརྩོན་བྱེད་མུས་ཡིན་པ་རེད། ཚོགས་པ་དེ་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ནའང་ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་རྒྱལ་སྤྱིའི་གླེང་སྟེགས་ནང་ངོས་འཛིན་དེ་ཙམ་ཐོབ་ཐུབ་ཀྱི་མེད་པ་རེད་འདུག །

Share this:
༥༠ ཀློག་གྲངས།