སུན་ཀྲིང་ཚའེ་ལ་དངོས་སུ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་(Central Politburo of the Communist Party of China) ཟུར་པ་དང་། ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་གི་དྲུང་ཆེ་ཟུར་པ་སུན་ཀྲིང་ཚའེ་(Sun Zhengcai)ལ་དངོས་སུ་ལྐོག་ཟ་རུངས་ཀྱི་ཉེས་འཛུགས་བྱས་ཡོད་འདུག

དེ་ཡང་ཐོག་མར་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༧ པའི་ནང་སུན་ཀྲིང་ཚའེ་ལ། ཁོ་རང་གིས་གོ་དབང་བེད་སྤྱོད་ལོག་པར་བྱས་ནས་ཁེ་ཕན་སྐྲུན་པ་དང་། ཁྲིམས་འགལ་ཐོག་ནས་ལྐོག་བརྔན་ཕོན་ཆེན་བླངས་པ་བཅས་ཀྱི་ཉེས་འཛུགས་འོག་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་དང་། དེ་སྔོན་ཕྱི་ལོ་༢༠༠༢ ལོར་ཁོ་རང་པེ་ཅིང་གི་རྫོང་ཞིག་ཏུ་དམར་ཤོག་གི་འགོ་དཔོན་བྱས་ནས་བཟུང་། སོ་ནམ་ཐོན་སྐྱེད་ཀྱི་བློན་ཆེན་དང་། ཅི་ལིན་ཞིང་ཆེན་དང་ཁྲུང་ཆིང་ཞིང་ཆེན་གཉིས་སུ་དམར་ཤོག་དྲུང་ཆེ་བྱེད་སྐབས་བཅས་སུ་རིམ་པས་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་ཡོད་པའི་ཉེ་འཛུགས་བྱས་ཡོད་པ་འདུག་པ་མ་ཟད། ཕྱི་ཟླ་༧ པའི་ཕྱི་ཚེས་༡༥ ཉིན་སུན་ཀྲིང་ཚའེ་དོད་དུ་ཆེན་མེན་ཨེར་(Chen Miner) ཁྲུང་ཆིན་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་ཁྱབ་བསྒྲགས་བྱས་ཡོད་འདུག དེ་བཞིན་ཕྱི་ཟླ་༩ པའི་ནང་སུན་ཀྲིང་ཚའེ་དམར་ཤོག་ཚོགས་པ་ནས་གནས་དབྱུང་བྱས་ཏེ་དུས་ཡུན་རིང་པོར་བྱ་བ་ནོར་བ་བགྱིས་ཡོད་པ་དང་། ལྐོག་བརྔན་འདྲ་མིན་སྣ་ཚོགས་བླངས་ཡོད་པ། དམར་ཤོག་གི་གསང་བ་ཕྱིར་གྱར་བཅུག་པ། དེ་བཞིན་དབང་ཆ་ལོག་སྤྱོད་བྱས་པ་བཅས་ཀྱི་ཉེས་འཛུགས་བྱས་ཡོད་འདུག་ཀྱང་། སུན་ཀྲིང་ཚའེ་གནད་དོན་དང་འབྲེལ་བའི་གསལ་བསྒྲགས་ཆེས་མཐའ་མའི་ནང་ལྐོག་བརྔན་བླངས་པའི་ཉེས་འཛུགས་ཁོ་ན་ལས་གནད་དོན་གཞན་རྣམས་འཁོད་མེད་འདུག

སུན་ཀྲིན་ཚའེ་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་དང་སྲིད་བློན་ཟུར་པ་ཝུན་ཆའོ་པོ་སོགས་ཀྱིས་སྐྱེད་སྲིང་བྱས་པའི་རེ་བཞག་ཅན་གྱི་དཔོན་རིགས་ཤིག་ཡིན་འདུག་ཅིང་། ཁོང་གི་ཚབ་ལ་གསར་དུ་བསྐོ་བཞག་བྱས་པའི་ཁྲུང་ཆིན་དམར་ཤོག་དྲུང་ཆེ་ཆེན་མེན་ཨེར་ནི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆ་འཇོག་བྱེད་ཡུལ་ཞིག་ཡིན་འདུག

ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་ནས་བཟུང་། རུལ་སུངས་ལ་རྒོལ་རྡུང་ཤུགས་ཆེན་པོ་བྱས་ནས་དཔོན་རིགས་ཧ་ཅང་མང་པོ་གནས་དབྱུང་དང་བཙོན་འཇུག་བྱས་ཡོད་ཀྱང་། དཔྱད་བརྗོད་པ་ཁག་ཅིག་གིས་ཞི་ཅིན་ཕིན་གྱིས་ཆབ་སྲིད་ཀྱི་ཐོག་ནས་ཁ་གཏད་དུ་གྱུར་པའི་དཔོན་རིགས་རྣམས་གནས་དབྱུང་གཏོང་བཞིན་ཡོད་སྐོར་གླེང་བཞིན་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share this:
༡༡༢ ཀློག་གྲངས།