གཞིས་བྱེས་མཉམ་འཛོམས་མ་བྱུང་བར་ངས་ལོ་མི་སར་ཞེས་པའི་ལས་འགུལ།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་སྣེ་ཁྲིད་པའི་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་ཐེངས་ལྔ་བ་དེ། ཕྱི་ལོ་༢༠༡༨ ཟླ་༢ ཚེས་༡༦ བོད་ཀྱི་ལོ་སར་ཚེས་གཅིག་ཉིན་མོ་སྔ་དྲོའི་ཆུ་ཚོད་༩ ནས་ཕྱི་དྲོའི་ཆུ་ཚོད་༩ བར་དུ་ཨོ་གླིང་གི་གྲོང་འཁྱེར་ཆེ་ཤོས་ཨང་གཉིས་པ་མེ་བྷུམ་གྱི་མངའ་སྡེའི་དཔེ་མཛོད་མདུན་ཐང་དུ་བཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།
སྐབས་དེར་བོད་མི་རང་ལུས་མེར་སྲེག་སྐོར་གྱི་ཡིག་ཆ་བཀྲམ་པ་དང་ལྷན་དུ་བོད་རང་བཙན་གྱི་ཆེད་དུ་མཚན་རྟགས་བསྡུ་རུབ་ཀྱང་བྱས་ཡོད་པ་རེད།
སྐབས་དེར་ན་གཞོན་ཆབ་སྲིད་བཙོན་ཟུར་བྱམས་པ་ཆོས་གྲགས་དང་། ཆབ་སྲིད་བཙོན་ཟུར་བཀྲིས་རྣམ་དག ཆབ་སྲིད་བཙོན་ཟུར་བཀྲིས་གནམ་རྒྱལ། ཆབ་སྲིད་བཙོན་ཟུར་འཆི་མེད་རྡོ་རྗེ་སོགས་ལས་འགུལ་ལ་མཉམ་བཞུགས་གནང་སོང་བ་མ་ཟད་ས་གནས་དེར་ཡོད་བོད་མི་མང་དག་ཅིག་གིས་རྒྱབ་སྐྱོར་གྱི་ཁ་དག་འཐེན་པ་དང་འཚམས་འདྲི་ཞུས་ཡོད་པ་རེད། མེལ་བྷིམ་མི་མང་གི་ངོས་ནས་དོ་སྣང་ཆེན་པོས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེན་བལྟན་གནང་བ་མ་ཟད་ལས་འགུལ་བཀོད་སྒྲིག་ལ་ཕྱག་རོགས་གནང་མཁན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཚོགས་མི་གང་མང་ནས་རྒྱབ་སྐྱོར་གནང་ཡོད་པ་རེད། ། གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༣ ཀློག་གྲངས།