ཇོ་བོའི་སྐུ་བརྙན་ལ་གནོད་སྐྱོན་གང་ཡང་བྱུང་མི་འདུག་ཟེར།

འདི་གའི་གསར་འགོད་པས་ཡུལ་དངོས་སུ་ཡོད་པའི་མི་ཞིག་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཇོ་ཁང་གི་ཐོག་བརྩེགས་གཉིས་པ་དང་གསུམ་པར་མེ་སྐྱོན་ཤོར་ཡོད་པ་ལས་ཇོ་བོ་བཞུགས་སའི་འོག་བརྩེགས་ནང་མེ་སྐྱོན་ཤོར་བའི་གནས་ཚུལ་གང་ཡང་མཐོང་རྒྱུ་མེད་འདུག

བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི་ལོའི་ལོ་གསར་ཚེས་པ་༢ དང་ཕྱི་ཟླ་༢ པའི་ཕྱི་ཚེས་༡༧ ཉིན་གྱི་ཕྱི་དྲོར་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་སོང་བའི་སྐོར་གྱི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེན་པོ་ཁྱབ་ཡོད་ཀྱང་། རྒྱ་ནག་གཞུང་གི་དམ་དྲག་ལ་བརྟེན་ནས་མེ་སྐྱོན་ཤོར་ས་ཕྱོགས་གང་དུ་ཡིན་མིན་དང་། མེ་སྐྱོན་གྱི་ཁྱབ་ཚད་ཆེ་ཆུང་གང་འདྲ་ཡིན་མིན་ད་ལྟ་གསལ་པོ་ཆགས་ཐུབ་མེད་པ་དང་། མེ་སྐྱོན་བྱུང་བའི་དུས་སྐབས་སུ་ལྷ་ལྡན་གཙུག་ལག་ཁང་ངམ་ཇོ་ཁང་ནང་མཆོད་མཇལ་བ་རྣམས་འགྲོ་རྒྱུ་བཀག་ཡོད་འདུག

རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ཁག་གིས་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་གྱི་དོན་རྐྱེན་བྱུང་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང་། མེ་སྐྱོན་རྒྱ་ཆེ་ཆུང་ག་འདྲ་ཞིག་ཤོར་ཡོད་མེད་དང་གཙུག་ལག་ཁང་གི་ཕྱོགས་གང་དུ་ཤོར་ཡོད་མེད། གནོད་སྐྱོན་ག་རེ་ཤོར་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་མེད་པ་རེད། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་ཀྱང་མེ་སྐྱོན་བྱུང་རྗེས་མགྱོགས་པོར་མེ་བསད་ཚར་སྐོར་དང་། དད་རྟེན་རྣམས་ལ་གནོད་སྐྱོན་བཟོས་མེད་སྐོར་བཅས་ཀྱི་གནས་ཚུལ་སྤེལ་ཡོད་འདུག

འདི་གའི་གསར་འགོད་པས་ད་ལྟ་ཡུལ་དངོས་སུ་ཡོད་པའི་མི་ཞིག་དང་འབྲེལ་བ་བྱེད་སྐབས་ཁོང་གིས་“ཁ་སང་མེ་ཤོར་ཚར་བའི་རྗེས་སུ་མཇལ་ཁ་བཏང་སོང་། ང་ཇོ་བོ་མཇལ་ཁར་སོང་ཡིན། ཇོ་བོའི་སྐུ་ལུས་ལ་གནོད་སྐྱོན་གང་ཡང་བཏང་མི་འདུག ཐོག་བརྩེགས་གཉིས་པའི་སྒང་ལ་ཏོག་ཙམ་འཚིག་ཡོད་རེད་ཟེར་གྱི་འདུག་མ་གཏོགས། ནང་ལོགས་ནི་སྔོན་མ་ནང་བཞིན་རང་འཇགས་རེད་འདུག ཇོ་བོ་རིན་པོ་ཆེའི་རྒྱབ་ཏུ་རས་ཡོལ་ཆེན་པོ་ཞིག་གཡོགས་འདུག དེའི་རྒྱབ་ལ་ཏོག་ཙམ་སྐྱོན་བཟོས་མེད་འགྲོ་བསམ་བསམ་འདྲ་འདུག་མ་གཏོགས་ཇོ་བོ་ཁོང་རིག་ལ་ནི་གང་ཡང་བྱུང་མི་འདུག མ་གཞི་འོག་བརྩེགས་ནང་ལ་གང་ཡང་བྱུང་བ་མཐོང་རྒྱུ་མི་འདུག ཐོག་བརྩེགས་གཉིས་པ་དང་གསུམ་པའི་སྒང་ལ་ཏོག་ཙམ་འཚིག་ཡོད་རེད་ཟེར་གྱི་འདུག ཡར་བལྟ་དུས་དམག་མི་ཚོས་ཤིང་འཚིག་རོའི་བཟོ་འདྲ་ཁྱེར་འགྲོ་བཞིན་ཡོད་པ་མཐོང་རྒྱུ་འདུག”ཅེས་བརྗོད་བྱུང་བ་ལས་མེ་ཤོར་ས་དེ་མ་ཎི་ལྷ་ཁང་དང་ལྷ་མོའི་མགོན་ཁང་ཡིན་པའི་སྐད་ཆ་གཏན་ནས་བརྗོད་མ་བྱུང་།

འོན་ཀྱང་། གནད་དོན་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ། མེ་སྐྱོན་ཕོག་ཡུལ་ནི་ཇོ་ཁང་གི་ཉེ་འགྲམ་ལྷ་མོའི་མགོན་ཁང་ཡིན་པ་ད་ཆ་ར་སྤྲོད་གསལ་པོ་བྱུང་བར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཉིས་ནས་བོད་མི་མང་ཚོགས་རྣམས་ལ་གསལ་བཤད་གནང་འདུག་ཅེས་དང་། དེ་བཞིན་སྲིད་སྐྱོང་གིས་ཇོ་ཁང་ལ་མེ་སྐྱོན་ཕོག་མེད་པའི་གནས་ཚུལ་གསལ་པོར་ར་འཕྲོད་བྱུང་བར་བརྟེན་བསམ་བློ་ཕྲན་བུ་ལྷོད་ལ་བབ་ཡོད་ཀྱང་། ལོ་གསར་ལྟ་བུ་བོད་མིའི་ཐུན་མིན་སྲོལ་རྒྱུན་གྱི་དུས་སྟོན་སོགས་ལ་རོལ་སྐབས་མི་མང་ཧ་ཅང་མང་པོ་ས་གནས་གཅིག་ཏུ་འདུ་འཛོམས་བྱུང་ནས་མཆོད་མཇལ་དང་སྤྲོ་སྐྱིད་སོགས་གཏོང་སྲོལ་ཡོད་སྟབས། ཚང་མས་ངེས་པར་དུ་གཟབ་གྲུང་དགོས་པའི་དྲན་སྐུལ་གནང་ཡོད་སྐོར་བཀོད་འདུག་པ་མ་ཟད། བཀའ་བློན་ཀརྨ་དགེ་ལེགས་ཀྱིས་“ད་ལྟའི་དུས་སྐབས་འདིར་མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་གནས་ཚུལ་གསལ་པོ་ཆགས་མེད།  དེར་བརྟེན་ངས་དེའི་སྐོར་ཁ་ཚོན་བཅད་ནས་ཞིབ་ཕྲ་ཞུ་དཀའ་ཡང་། ལྷ་སའི་ཇོ་ཁང་ལྟ་བུ་བོད་ནང་ཧ་ཅང་རྩ་ཆེར་འཛིན་བཞིན་པའི་ལྷ་ཁང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་རིག་གནས་ཤུལ་བཞག་ཏུ་ངོས་འཛིན་གནང་ཟིན་པའི་སྲོལ་རྒྱུན་བོད་མིའི་ཁྱད་ནོར་དེ་ལྟ་བུར་མེ་སྐྱོན་ཤོར་བའི་གཏམ་འཆལ་ཐོས་སྐབས་རང་བཞིན་གྱིས་སེམས་ནང་དངངས་སྐྲག་དང་ཛ་དྲག་གི་སེམས་ཚོར་དྲག་པོ་ཞིག་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ཡིན་”ཞེས་བརྗོད་འདུག །

Share this: