གྲོས་ཚོགས་ཀྱིས་མི་མང་ལ་འགན་ཁུར་དགོས།

ཟླ་འདིའི་ཚེས་༡༥ ཉིན་ལྷོ་ཕྱོགས་སྦེལ་ཀོབ་བདེ་སླར་མི་མང་ཚོགས་ཁང་དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང། གཉའ་ཁྲི་དཔེ་མཛོད་ཁང་གི་གོ་སྒྲིག་འོག མེ་སོར་ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འགོ་འཛིན་རྣམ་གཉིས། བོད་མི་མང་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་གཙོས་པའི་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་དང། དེ་མིན་གནད་ཡོད་མི་ཁག་ཅིག་བཅས་མི་མང་བརྒྱ་ཙམ་ལ། རྒྱལ་སྤྱིའི་མང་གཙོའི་ལམ་ལུགས་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་པ་དང་། ཟབ་ཁྲིད་པ་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང། མཁས་དབང་བློ་བཟང་སེང་གེ་རྣམ་གཉིས་རེད། གཉའ་ཁྲི་དཔེ་མཛོད་ཁང་གི་འགན་འཛིན་གྲྭ་ངག་དབང་སྟོོབས་ལྡན་གྱིས་ཟབ་སྦྱོང་དེ་ངོ་སྤྲོད་གནང་རྗེས་བཀའ་ཁྲི་མཆོག་གིས། སྲོལ་རྒྱུན་དང་དེང་རབས་སྲིད་དོན་ཚན་རིག་པ་དག་གིས་མང་གཙོའི་འཕེལ་རིམ་ལ་ལྟ་ཚུལ་གང་ཡོད་དང། ཤར་ཕྱོགས་པ་དང་ནུབ་ཕྱོགས་ཀྱི་མང་གཙོའི་འཕེལ་རིམ་དང་ཁྱད་པར་བཅས་ངོ་སྤྲོད་དང་འབྲེལ། དེང་སྐབས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་དོན་གནད་ཁག་ཅིག་གསུང་དོན། “མང་གཙོའི་འཕེལ་རིམ་གོང་མཐོར་བསྐྱོད་ཐུབ་རྒྱུ་དང། གཞུང་དང་མང་ཚོགས་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུའི་ཆེད་དུ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་ནང་མི་མང་གི་བསམ་ཚུལ་ཇི་མ་ཇི་བཞིན་མཚོན་ཐུབ་པ་ཞིག་གནང་དགོས་པ་དང། དེ་འདྲ་མ་གནང་བ་ཡིན་ན། མི་མང་གི་ངོས་ནས་དེ་འདྲ་གནང་རྒྱུའི་ཐབས་ལམ་དང། དེ་བཞིན་ལོ་ཡུན་མ་ཚང་བ་ཡིན་ནའང་། གལ་ཏེ་མང་ཚོགས་ཀྱི་བསམ་ཚུལ་ཇི་མ་ཇི་བཞིན་གྲོས་ཚོགས་ནང་མཚོན་མ་ཐུབ་པའི་གནས་བབས་དེ་འདྲ་བྱུང་བ་ཡིན་ན། དེ་ནས་དུས་ཡུན་གཅིག་ལ་བརྗེ་པོ་རྒྱག་པ་སོགས། དེ་འདྲའི་ཐབས་ལམ་བཟོ་དགོས་རྒྱུ་དེ་ད་ལྟའི་གནས་སྐབས་ལ་གལ་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་ཡོད། མི་མང་གིས་འོས་འདེམས་བྱས་ནས་སྤྱི་འཐུས་ཤིག་བཏང་། སྤྱི་འཐུས་དེས་གྲོས་ཚོགས་ནང་ཕྱག་ལས་གནང་བའི་སྐབས་ལ། མང་ཚོགས་མང་ཆེ་བའི་མངོན་འདོད་དང་དགོངས་ཚུལ་ག་རེ་ཡིན་པ་དེ་མ་མཁྱེན་པའམ། མཁྱེན་བཞིན་དུ་གྲོས་ཚོགས་ནང་རང་ཉིད་གང་ལས་ཡོང་ས་དེའི་མང་ཚོགས་ཀྱི་བསམ་ཚུལ་དང་མ་མཐུན་པ་བྱས་ནས། རང་ཉིད་ཀྱི་དགོངས་ཚུལ་དང་། ཡང་མིན་ན་སྐབས་སོ་སོ་ལ་རང་ཉིད་ཁ་ལོ་སྒྱུར་མཁན་གྱི་རྒྱབ་ལོག་གི་མི་དེ་ཚོའི་དགོངས་ཚུལ་དང་བསྟུན་ནས་ཕྱག་ལས་གནང་བ་ཡིན་ན། མང་གཙོའི་འཕེལ་རིམ་མདུན་སྐྱོད་བྱེད་ཐུབ་ཀྱི་མ་རེད་ལ། མང་གཙོའི་དགོས་དམིགས་དེ་ཡང་མ་འགྲུབ་པ་རེད། དེའི་ཐོག་ལ་ང་ཚོས་དགོངས་བཞེས་གནང་དགོས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་ཡོད། དེ་བཞིན་སྤྱི་ཚོགས་ཀྱི་ནང་ན་གྲོས་ཚོགས་གོང་འོག་གཉིས་དགོས་ཀྱི་ཡོད་པ་དང། ས་གནས་ཀྱི་འཐུས་མི་མང་དུ་གཏོང་དགོས་ཀྱི་ཡོད་པ་དང། འོས་ཤོག་གཅིག་མཚུངས་བླུག་དགོས་ཀྱི་ཡོད་པ་དེ་འདྲའི་དགོངས་ཚུལ་མང་པོ་ཞིག་མང་ཚོགས་ནང་ཡོད་པ་རེད། དེ་དག་བརྒྱུད་ལམ་ངེས་ཅན་ཞིག་བརྒྱུད་ནས་གྲོས་ཚོགས་སུ་སླེབས་རྒྱུ་དང་། བཅའ་ཁྲིམས་འགྱུར་བ་གཏོང་རྒྱུའི་ས་མཚམས་ཀྱི་བར་དུ་ཆོད་ཀྱི་ཡོད་མ་རེད། བར་ལམ་ཞིག་ལ་བཀའ་མོལ་བཤད་ནས་སྐོར་བ་འཁོར་སྡོད་པ་ལས་སླེབས་དགོས་ས་དེ་ལ་མ་སླེབས་པ་ཡིན་པས། འོས་བསྡུ་བྱེད་པའི་སྐབས་ལ་གནས་ཚུལ་སྔ་མ་ནང་བཞིན་བསྡད་པ་མ་གཏོགས། མི་མང་ནང་བཀའ་མོལ་བཤད་བསྡད་པ་དང་བསམ་བསྡད་པ་དེ་དག་ཁྲིམས་དང་སྒྲིག་གཞིའི་ནང་ལ་གསལ་ཐུབ་ཀྱི་ཡོད་པ་མ་རེད། སླེབས་ཐུབ་ཀྱི་ཡོད་མ་རེད། མང་ཚོགས་ཀྱིས་རྣམ་འགྱུར་ཤུགས་ཆེན་པོ་ཡོད་པ་ཡིན་ན། མངོན་འདོད་དེ་ཚོ་གྲོས་ཚོགས་ནང་སླེབས་ཐུབ་པ་བྱེད་རྒྱུ་དེ་མང་ཚོགས་ཀྱི་ལས་འགན་རེད་བསམ་གྱི་ཡོད།”ཅེས་གསུངས་སོང།

ཁོང་གིས་མུ་མཐུད་དུ་གསུང་དོན། “དྷ་རམ་ས་ལར་འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་ལས་གྲོས་ཚོགས་གཙོ་ཆེ་བ་རེད། གྲོས་ཚོགས་དེ་མི་མང་གི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཡིན་པས་སྒྲིག་འཛུགས་མཐོ་ཤོས་དེ་རེད། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ཁུར་དགོས་ཀྱི་ཡོད་པ་རེད། ཁྲིམས་ལུགས་དབང་འཛིན་གྱིས་ཀྱང་གྲོས་ཚོགས་ལ་འགན་ཁུར་དགོས་ཀྱི་ཡོད་པ་དང། རང་དབང་བདེན་པའི་སྡེ་ཚན་ཁག་གིས་ཀྱང་གྲོས་ཚོགས་ལ་འགན་ཁུར་གྱི་ཡོད་པ་རེད། གྲོས་ཚོགས་ཀྱིས་མི་མང་ལ་འགན་ཁུར་དགོས་ཀྱི་ཡོད་པ་རེད། གཞན་པ་ཚང་མས་གྲོས་ཚོགས་ལ་འགན་ཁུར། གྲོས་ཚོགས་ཀྱིས་སུ་ལ་ཡང་འགན་ཁུར་མི་དགོས་པ་ཞིག་ཆགས་པ་ཡིན་ན། དེ་གྲོས་ཚོགས་གཙོ་བོ་ཆགས་ཀྱི་རེད་མ་གཏོགས་མང་གཙོ་ཆགས་ཡོད་པ་མ་རེད། མི་མང་གཙོ་བོ་ཡིན་པས་ང་ཚོ་ཚང་མས་འགན་ཁུར་ས་གྲོས་ཚོགས་དེས་མི་མང་གི་འགན་ཁུར་དགོས་པ་ཞིག་བཟོ་ཐུབ་པ་དེ་མི་མང་གིས་ཐུགས་འགན་བཞེས་ནས་གནང་དགོས་ཀྱི་རེད་མ་གཏོགས་གཞན་པ་ཞིག་ཡོད་མ་རེད། དེ་འདྲ་བྱུང་བ་ཡིན་ན་མང་གཙོ་མཚན་ཉིད་ལྡན་པ་ཞིག་དང། མང་གཙོའི་འཕེལ་རིམ་དེ་ག་དུས་ཡིན་ན་མདུན་སྐྱོད་བྱེད་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག”ཅེས་གསུང་བཤད་གནང་སོང།

དེ་ནས་དྲི་བ་དྲིས་ལན་བྱས་རྗེས་ཉིན་རྒྱབ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གིས་༢༠༡༡ ལོའི་འོས་བསྡུ་དང་མང་གཙོའི་འགན་དབང་སྐོར་གྱི་ཟབ་ཁྲིད་གནང་བ་དང། ཕྱི་དྲོ་སྤྱི་འཐུས་ཨ་ཙརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་རྒྱ་གར་གཙོས་རྒྱལ་སྤྱིའི་མང་གཙོའི་རིང་ལུགས་དང། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དབར་དབྱེ་ཞིབ་ཀྱིས་ཟབ་ཁྲིད་གནང་སོང། ཚེས་ ༡༦ ཉིན་གྱི་ཞོགས་པ་མཁས་དབང་བློ་བཟང་སེང་གེས་བོད་དོན་འཐབ་རྩོད་དང་མང་གཙོའི་སྐོར་གྱི་ཟབ་ཁྲིད་གནང་རྒྱུ་ཡིན་པ་དང་ཉིན་རྒྱབ་ཟབ་སྦྱོང་བ་རྣམས་ཀྱིས་བགྲོ་གླེང་དང་དྲིས་ལན་བྱ་རྒྱུ་ཡིན་འདུག།། མེ་སོར་གསར་འགོད་པས།

Share this:
༡༩ ཀློག་གྲངས།