བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་ཚུལ་མཐུན་དགོས།

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན།  འདི་ལོའི་ཕྱི་ཟླ་༥ པའི་ནང་བལ་ཡུལ་དུ་གཟིགས་སྐོར་ལ་ཕེབས་པའི་ལྷོ་ཨེ་ཤ་ཡའི་འབྲེལ་ཡོད་ཚོགས་ཆུང་གི་སྙན་ཐོ་དང། མཉམ་འབྲེལ་གྲོས་འཆར་གྲོས་ཆོད་ཅིག་ཡོ་རོབ་གྲོས་ཚོགས་ནང་དུ་ཁྱེར་ནས། བལ་ཡུལ་དུ་ད་ལྟ་གཞུང་སྲ་བརྟན་འཛུགས་ཐུབ་མེད་པ་དང། བལ་བརྒལ་གྱི་གཞུང་གི་དུས་ཡུན་རྫོགས་ཏེ། གཞུང་གསར་པ་འཛུགས་མ་ཐུབ་པའི་གནས་སྐབས་དེར། ཡུལ་དེའི་མི་མང་གི་བདེ་སྡུག་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་གླེང་སློང་བྱས་ཡོད་པ་དང། ཡུལ་དེར་གཞུང་སྲ་བརྟན་དགོས་པ་དང། སྐྱབས་བཅོལ་བའི་གནས་སྟངས་སྤྱི་དང། བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་ཚུལ་མཐུན་དགོས་སྐོར་གྱི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཚེས་༢༠ ཉིན་ནི་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཉིན་མོར་ཁེལ་ཡོད་པས། ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བལ་ཡུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་དང། གསར་དུ་བོད་ནས་འབྱོར་བཞིན་པ་ཚོའི་གནས་སྟངས་ལ་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་གཉིས་བཏོན་ཡོད་པ་དང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པས། བལ་ཡུལ་དུ་ཡོད་པའི་བོད་མིའི་སྐྱབས་བཅོལ་སྣེ་ལེན་ཁང་དང། བོད་མི་བྲོས་བྱོལ་བའི་ཐོག་རྒྱ་ནག་གིས་དམ་དྲགས་བྱེད་རྒྱུའི་སྲིད་ཇུས་མུ་མཐུད་གནས་ཡོད་པས། རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང། ཕྱི་རྒྱལ་སྲིད་གཞུང་ཁག་ནས་སྐྱབས་བཅོལ་ལ་ཡོང་བའི་བོད་མི་རྣམས་རང་ཡུལ་དུ་མ་ལོག་བར་སྲུང་སྐྱོབས་བྱེད་དགོས་པ་རེད་ཅེས་བརྗོད་འདུག །

Share this:
༦༧ ཀློག་གྲངས།