བུད་མེད་ལྷན་ཚོགས་ཀྱིས་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་བྱ་རྒྱུ་རེད།

ཉིན་དང་པོའི་སྦྱོང་བརྡར་འགོ་འཛུགས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་དང། དྷ་ས་ས་གནས་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱི་འགན་འཛིན་དང་སྐུ་ཚབ་བཅས་དང། སྦྱོང་བརྡར་དུ་མཉམ་ཞུགས་བྱེད་མཁན་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ས་གནས་ཁག་༣༠ ནས་བུད་མེད་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་ཁྱོན་བསྡོམས་༦༥ ཚོགས་ཞུགས་བྱུང་ཡོད་པ་རེད།

བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བསྡུའི་དམིགས་ཡུལ་སྐོར་གསུང་དོན། བོད་མི་རྣམས་ཀྱིས་རྣམ་པ་ཀུན་ཏུ་བསམ་བློའི་ནང་དུ་གྲ་སྒྲིག་ཡོང་ཐུབ་པ་དང། མང་གཙོ་ཡང་དག་པ་ཞིག་ཏུ་བསྐྱོད་རྒྱུ་ལམ་ལྷོང་བའི་ཡོང་ཆེད་དུ་ཡིན། དེ་བཞིན་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པའི་སྒོ་ནས་ཚོད་ལྟའི་འོས་བསྡུ་གྲུབ་འབྲས་ལྡན་པ་ཞིག་ཡོང་བ་དང། སྔར་ལས་མང་བའི་འོས་བསྡུའི་ཆ་ཤས་ལེན་མཁན་ཡོང་ཐུབ་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསུངས་སོང།

twa-workshop1སྐུ་མགྲོན་གཙོ་བོ་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་གིས་གསུང་དོན། བཀའ་བློན་ཁྲི་པའི་འོས་བསྡུ་དེ་གལ་ཆེན་པོ་ཞེ་དྲག་རེད། དེ་རིང་ཟབ་སྦྱོང་འདི་འདྲ་གོ་སྒྲིག་གནང་བ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་ཡུལ་དང་མཐུན་པ་ཆགས་བསྡད་ཡོད་རེད། བཀའ་ཁྲི་གལ་ཆེན་པོ་ཡིན་པ་ནང་བཞིན་སྤྱི་འཐུས་འདེམས་བསྐོ་བྱེད་རྒྱུ་དེ་ཡང་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ལག་པ་གཅིག་གིས་ཐལ་མོ་རྡེབ་མི་ཐུབ་པ་ནང་བཞིན་རེད། བོད་མིའི་དམིགས་ཡུལ་དང་མཐུན་པའི་གནད་དོན་གང་གི་སྒང་ལ་སྲིད་བྱུས་གཏན་འབེབས་བྱེད་པ་དེ་གྲོས་ཚོགས་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་རེད། གྲོས་ཚོགས་ནས་གཏན་འབེབས་མ་བྱས་པར་བཀའ་བློན་ཁྲི་པས་སྲིད་བྱུས་གཏན་འབེབས་བྱས་ནས་དེ་ལག་ལེན་བསྟར་བ་ད་བར་བྱུང་ཡོད་མ་རེད། བཅའ་ཁྲིམས་ཀྱི་ནང་དུ་གསལ་ཡོད་མ་རེད། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འགྲོ་དགོས་དུས་འཛིན་སྐྱོང་བཀའ་ཤག་དང། ཁྲིམས་བཟོ་ལྷན་ཚོགས་གཉིས་ལ་བརྟེན་ནས་འགྲོ་དགོས་ཀྱི་རེད། དེར་བརྟེན་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་བསྡུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང།

twa-workshop3བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ནང་དུ་འཁོད་པ་ལྟར་ན། ཉིན་གཉིས་ཀྱི་སྦྱོང་བརྡར་གྱི་ལས་གཞིའི་ནང་གཙོ་བོ་ས་གནས་ཁག་ནས་ཕེབས་པའི་རྒྱུན་ལས་རྣམས་ཀྱིས། རང་སོ་སོའི་ས་གནས་ཁག་ཏུ་ཚོད་ལྟའི་འོས་བསྡུ་དེ་དངོས་སུ་ལག་བསྟར་བྱ་ཐབས་ལ་ལམ་སྟོན་ཇི་ལྟར་བྱ་ཕྱོགས་ཀྱི་ཟབ་སྦྱོང་ཞིག་དང། ཚོད་ལྟའི་འོས་བསྡུ་དེས་མི་སྒེར་སོ་སོའི་རང་དབང་གི་ཐོབ་ཐང་བེད་སྤྱོད་བྱ་རྒྱུའི་གལ་ཆེའི་རང་བཞིན་གྱི་སྔོན་བརྡ་གཏོང་གི་ཡོད། ཕྱི་ལོ་༢༠༡༠ ཟླ་༣ ཚེས་༣༡ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་༢༠༡༡ ལོའི་བཀའ་ཁྲིའི་འོས་འདེམས་ནང་མི་མང་གི་ཆ་ཤས་གང་མང་ལེན་ཐུབ་ཕྱིར་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་པ་རེད། ལོ་གཅིག་གི་ལས་གཞི་དེའི་ནང་ཐད་ཀར་མི་མང་དང་འབྲེལ་ལམ་བྱེད་རྒྱུ་སྟེ། རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ས་གནས་ཁག་གང་སར་བཀའ་ཁྲིའི་འོས་འཕེན་གྱི་གལ་གནད་འགྲེལ་བརྗོད་བྱེད་ཆེད། ཕྱི་ལོ་༢༠༡༠ ཟླ་༧ པ་ནས་༢༠༡༡ ཕྱི་ཟླ་༢ པ་བར་དབུས་རྒྱུན་ནམ་དེ་མིན་དབུས་ཕྱོགས་བཞུགས་རྒྱུན་ལས་རྣམས་ངེས་པར་དུ་ཕྱོགས་བསྐྱོད་བྱེད་རྒྱུ་ཡིན།

༸གོང་ས་མཆོག་དགུང་གྲངས་༧༥ ཕེབས་པའི་སྐུ་འཁྲུངས་སྐར་ཉིན་མོར་གླིང་ཕྲན་གསུམ་མམ། རྒྱལ་ཁབ་དྲུག་ནང་གནས་འཁོད་དབུས་བུད་མེད་ལྷན་ཚོགས་གཙོས་ས་གནས་ཡན་ལག་བཞི་བཅུའི་ནང་རྒྱ་ཁྱབ་རང་བཞིན་གྱི་བཀའ་ཁྲིའི་ཚོད་ལྟའི་འོས་བསྡུའི་ལས་གཞི་དེ་དངོས་སུ་འགོ་འཛུགས་བྱ་རྒྱུ་ཡིན་པས། ང་ཚོའི་རེ་བར་མང་ཚོགས་མི་རེ་ངོ་རེས་མཉམ་ཞུགས་གནང་རྒྱུའི་རེ་འདུན་བཅངས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།

ལོ་འདིའི་ཕྱི་ཟླ་༡༠ པའི་ནང་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུ་རྗེས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། སྔོན་འགྲོའི་འོས་གཞིར་འོས་ཐོན་བྱུང་བའི་འོས་མི་རྣམས་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང། བགྲོ་གླེང་དེའི་དམིགས་ཡུལ་ནི་འོས་མི་ཚོར་གླེང་སྟེགས་ཤིག་་བསྐྲུན་ནས་འོས་མི་རང་ཉིད་བརྟན་པོ་བཟོ་ཆེད་དང། དེ་བཞིན་རྣམ་དཔྱོད་རང་བཞིན་གྱི་གཏམ་གླེང་ལྷུག་པོ་ཡོང་ཐབས་ཡིན་པ་རེད།

twa-workshop4བཀའ་ཁྲིའི་ཚོད་ལྟའི་འོས་བསྡུ་དེ་ཕྱོགས་ལྷུང་དུ་མི་འགྲོ་བའི་ཆེད་དུ་འོས་མི་དམིགས་འཛུགས་ཀྱིས་ཟུར་འདོན་དང། འོས་མིའི་མིང་གཞུང་ཁ་གསལ་འདོན་རྒྱུ་མིན་པར་གཙོ་བོ་མི་མང་གིས་རང་མོས་ལྟར་འོས་འཕེན་ཆོག་གི་ཡོད་པ་རེད། འོས་ཤོག་བླུགས་པ་རྣམས་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་པ་ཕྱི་ལོ་༢༠༡༠ ཟླ་༧ ཚེས་༡༦ ནས་༢༢ བར་འཚོག་པའི་སྐབས་སུ། ས་གནས་སོ་སོར་ཕྱི་གསལ་ནང་གསལ་སྒོ་ནས་གྲངས་བཤེར་དང། ཚོད་ལྟའི་འོས་བསྡུའི་ནང་མི་མང་ཇི་ཙམ་མཉམ་ཞུགས་བྱས་ཡོད་མེད་ཞིབ་བཤེར་བྱས་ཏེ་དེའི་སྐོར་གྱི་སྙན་ཐོ་ཞིག་ཀྱང་འདོན་རྒྱུ་རེད་འདུག

སྤྱིར་བོད་ཀྱི་བུད་མེད་ལྷན་ཚོགས་ནི་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་པ་དང། ཚོགས་པའི་ཡག་ལག་ཁག་༥༢ ཡོད་ཅིང། དེ་དག་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་ཏུ་ཡོད་པ་དང། ཚོགས་མི་༡༥༠༠༠ ལྷག་ཡོད་པ་ཞིག་རེད།།

Share this:
༥༤ ཀློག་གྲངས།