ཀརྨ་བསམ་འགྲུབ་ལ་མི་ལོ་༡༥ བཙོན་འཇུག་ཁྲིམས་ཐག་བཅད་པ།

ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང། བོད་ཀྱི་གནའ་རྫས་བདག་ཉར་མཁན་གྲགས་ཅན་ཚོང་པ་ཀརྨ་བསམ་འགྲུབ་ལ་མི་ལོ་༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཆབ་སྲིད་ཁེ་དབང་ལོ་༥ ཕྲོགས་པ་དང། རྒྱ་སྒོར་༡༠༠༠༠ ཉེས་ཆད་བཏང་ཡོད་པ་རེད་ཅེས་ཁོང་གི་ཁྲིམས་རྩོད་པ་ཕུའུ་ཀྲི་ཆཱང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།

karmasamdupfamilyདེའི་སྐོར་ཀརྨ་བསམ་འགྲུབ་ཀྱི་བཟའ་ཟླ་སྒྲོལ་དཀར་མཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་དོན། ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་རེད། རྒྱ་གཞུང་གིས་ནག་ཉེས་མང་པོ་ཞིག་བགྲང་སོང་། ཁ་སང་ནས་བཟུང་ངའི་རེ་བ་བཞིན་དོན་དག་ཐོན་མ་སོང། ཁྲིམས་ཁང་ནང་དུ་ཁྲིམས་ནང་ལྟར་འགྲོ་ཡི་མི་འདུག དེ་སྔོན་ནས་ཡག་པོ་ཞིག་ཡོང་ས་མ་རེད་བསམ་སོང། དེ་ག་རང་རེད་འདུག ཁོ་ཚོས་ཁྲིམས་ནང་བཞིན་འགྲོ་ཡི་མི་འདུག དཔང་རྟགས་མང་པོ་བསྟན་པ་རེད་དེ་འགྲིག་མ་སོང། ངས་གསལ་པོ་བཤད་ཤེས་ས་མ་རེད། སེམས་པ་ཧ་ཅང་ཕངས་པོ་འདུག་ཅེས་དང།

མུ་མཐུད་འགྲེལ་བརྗོད་བྱས་དོན། ཁྲིམས་ཐག་བཅད་ཚར་རྗེས་ཀརྨ་ཁོ་རང་ལ་འགྱུར་ལྡོག་དམིགས་བསལ་མི་འདུག ངས་ཉེན་རྟོག་པར་ཁོང་ལ་སྐད་ཆ་ཁ་ཤས་ཤིག་བཤད་ཀྱི་ཡིན། སྐར་མ་གཅིག་ཙམ་ཐུག་འཇུག་རོགས་ཞེས་ཁྲིམས་རྩོད་པ་བརྒྱུད་ནས་ལབ་པ་ཡིན་སྟེ། ཁོ་ཚོས་ཐུག་བཅུག་མ་སོང། གལ་སྲིད་ཁོང་ཐུག་བཅུག་ན་ཁྱེད་རང་ཁྱིམ་ལ་སེམས་ཁྲལ་མི་དགོས། ཁྱོད་རང་གཟུགས་པོ་གཟབ་གཟབ་གྱིས། ཁྱོད་རང་མི་ཚང་མས་མི་ཡག་པོ་ཡིན་པ་དང། བྱ་བ་བཟང་པོ་སྒྲུབ་མཁན་ཞིག་ཡིན་པ་ཤེས་ནས་ཚང་མས་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་ང་ཁྱོད་རང་ལ་སྤོབས་པ་སྐྱེ་ཡི་འདུག་ཅེས་དེ་འདྲ་ཞིག་ལབ་བསམ་སོང་ཞེས་འགྲེལ་བརྗོད་བྱས་འདུག

ཀརྨ་བསམ་འགྲུབ་ལ་ད་དུང་ཉིན་བཅུའི་རིང་ཡང་བསྐྱར་ཞུ་གཏུགས་བསྐྱར་མ་ཞིག་བྱེད་པའི་གོ་སྐབས་ཡོད་འདུག་པ་དང། དེའི་སྐོར་ཀརྨ་བསམ་འགྲུབ་ཁོ་རང་གིས་ཀྱང་ཡིན་གཅིག་མིན་གཅིག་ཞུ་གཏུགས་བྱེད་དགོས་ལབ་སོང་ཞེས་ཁོང་གི་བཟའ་ཟླས་འགྲེལ་བརྗོད་བྱས་འདུག

སྤྱིར་ཀརྨ་བསམ་འགྲུབ་ལོ་འདིའི་ཕྱི་ཟླ་༡ ནང་འཛིན་བཟུང་བྱས་པ་དང། ཕྱི་ཟླ་༦ ཚེས་༡ ཉིན་ཁྲིམས་བཤེར་བྱེད་རྒྱུ་བྱས་ཀྱང་ནར་འགྱངས་ཀྱིས་ཕྱི་ཟླ་༦ ཚེས་༢༢ ནས་ཁྲིམས་བཤེར་བྱེད་འགོ་བཙུགས་ནས། ཚེས་༢༤ ཉིན་དངོས་སུ་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཀརྨ་བསམ་འགྲུབ་ཀྱི་སྤུན་ཆེ་བ་རིན་ཆེན་བསམ་འགྲུབ་ལ་ཟླ་འདིའི་ཚེས་༡༧ ཉིན་ཁྲིམས་བཤེར་བྱེད་རྒྱུ་ཐག་གཅོད་བྱས་ཀྱང། ཚེས་༢༠ ཕྱིན་གང་ཡིན་གསལ་ཁ་མེད་པར་ཁྲིམས་བཤེར་བྱེད་རྒྱུ་ནར་འགྱངས་བྱས་ཡོད་པ་དང། ཀརྨ་བསམ་འགྲུབ་ཀྱི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་ལ་ཟླ་བ་༢༡ རིང་ཁྲིམས་ཐག་བཅད་ནས་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་ཏུ་མནར་གཅོད་མྱོང་བཞིན་ཡོད་འདུག །

གོང་གི་འདྲ་པར་གཉིས་འོད་ཟེར་གྱི་པོད་ཁུག་ལས་བཤུས།

{jcomments on}

Share this:
༤༨ ཀློག་གྲངས།