ཐེ་ཝན་དུ་གཞུང་དང་སྲིད་འཛིན་ལ་ངོ་རྒོལ།

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་ཐེ་ཝན་གྱི་རྒྱལ་ས་ཐཱེ་པཱེ་ནས། བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཐེ་ཝན་གཞུང་དབར་བཞག་པའི་རང་དབང་ཁྲོམ་རའི་གྲོས་མཐུན་ཡིག་ཆ་ལ། ཕྱོགས་གཉིས་ཀས་གན་རྒྱའི་མིང་རྟགས་བཀོད་ལ་ཉེ་བས། ཐེ་ཝན་གྱི་རྒྱལ་ས་ཐཱེ་པཱེ་ཡི་ཁྲོམ་གཞུང་ཁག་དང་གྲོས་ཚོགས་ཀྱི་སྒོ་འགྲམ་དུ། ཞིང་པ་དང་ཉ་པ། བཟོ་པ། གཞུང་ཞབས། ཆབ་སྲིད་མི་སྣ། དགེ་རྒན། སློབ་ཕྲུག ཚོང་པ་སོགས་ཐེ་ཝན་གྱི་མི་མང་སྟོང་ཕྲག་མང་པོ་འཛོམས་ནས། ཐེ་ཝན་གཞུང་དང་སྲིད་འཛིན་མཱ་ཡིང་ཇའོ་ལ་ངོ་རྒོལ་བྱས་ཡོད་པ་རེད།

ཐེ་ཝན་གཞུང་གིས་རྒྱ་ནག་དང་ལྷན་དུ་རང་དབང་ཁྲོམ་རའི་གྲོས་མཐུན་ཡིག་ཆའི་གན་རྒྱ་ལ་མིང་རྟགས་བཀོད་ན། ཡུན་རིང་མ་སོང་བར་རིན་གོང་ཆུང་བའི་རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་ཐེ་ཝན་གྱི་ཁྲོམ་རའི་ནང་ཁྱབ་བརྡལ་འགྲོ་ངེས་པ་དང། དེའི་རྐྱེན་གྱིས་བཟོ་བདག་དང་བཟོ་པ་མང་པོ་ཞིག་ལས་མེད་ཆགས་སྲིད་པ་སོགས། དཔལ་འབྱོར་གྱི་གནས་བབ་ཐད་ལ་སེམས་ཁྲེལ་བྱེད་མཁན་ཁག་གཅིག་ཡོང་གི་ཡོད་འདུག

ཡང་ཁག་གཅིག་གིས། ད་ལྟའི་རྒྱ་ནག་གི་བྱེད་སྟངས་འདི་གཙོ་བོར་དཔལ་འབྱོར་ལ་བསམ་པ་ཞིག་མིན་པར། ཐེ་ཝན་གྱི་བདག་དབང་ལ་འགྱུར་ལྡོག་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་བཞིན་ཡོད་པ་དང། དེ་ཡང་ལོ་འདིའི་ཟླ་བ་༢ ནང་རྒྱ་ནག་གི་སྲིད་བློན་ཝོན་ཇཱ་པའོ་ཡི་གཏམ་བཤད་ནང།  “ང་ཚོས་ཚོང་གི་ཁེ་བཟང་གཙོ་བོར་འཛིན་གྱི་མེད་ལ། ང་ཚོས་ཐེ་ཝན་དང་འབྲེལ་ལམ་འཛིན་པའི་གནད་དོན་གལ་ཆེ་ཤོས་ནི། ཐེ་ཝན་ནང་ཡོད་པའི་རྒྱལ་གཅེས་རིང་ལུགས་པ་ཚོ། ང་ཚོ་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཤ་སྟག་ཡིན་པའི་རྐྱེན་གྱིས་ཡིན་”ཞེས་བརྗོད་ཡོད་འདུག

གསར་འགྱུར་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་འབྲེལ་ལམ་འཛིན་པའི་དམིགས་ཡུལ་ཟེར་བའི་ནང་། ༡ རྒྱ་ནག་གཞུང་གིས་ཐེ་ཝན་ནམ་ཡང་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་པ་དང། ༢ ཐེ་ཝན་གྱི་གནད་དོན་དེ་ཧོང་ཀོང་དང་འདྲ་བ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་བཟུང་ནས་ཐེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་ཐབས། ༣ ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་པ་འདིའི་སྐབས་ལ། པེ་ཅིང་དང་ཐཱེ་པཱེ་གཉིས་ཀྱི་འབྲེལ་ལམ་དམ་འཛིན་གྱིས་ཐེ་ཝན་མི་མང་ལ་གྲོགས་པོའི་འདུ་ཤེས་བསྟན་ཏེ་ཡིད་དབང་འགུག་ཐབས་བྱེད་རྒྱུ་དེ་དག་ནི། གནད་ཆེ་བའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་འདུག།།

Share this:
༡༡༩ ཀློག་གྲངས།