རང་ཉིད་བཀའ་ཁྲིའི་འོས་གཞིར་མི་ཞུགས་རྒྱུའི་ཐག་བཅད་པ་ཡིན།

ཁོང་གིས་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དུ་འཁོད་པ་ལྟར་ན། ད་མཚམས་འོས་བསྡུ་ལས་ཁང་ནས་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དངོས་སུ་གནང་སྟབས། རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ངའི་ལས་རོགས་དང་། བློ་ཉེ་ཚོ། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཚོས་ཕྲན་རང་ཐོག་མ་ནས་འོས་གཞིར་ཞུགས་རྒྱུའི་བསམ་བློ་མེད་པ་དེ་ཤེས་ཀྱི་ཡོད།

གུས་པར་བཀའ་ཁྲིའི་འོས་གཞིར་ཞུགས་རྒྱུའི་གཞེན་བསྐུལ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་བོད་ནས་ཆེས་བཀུར་འོས་སྐྱ་སེར་མི་སྣའི་ཁོངས་ནས་བརྡ་ལན་དེ་རིགས་འབྱོར་བ་ནི་ཆེ་མཐོང་བླ་མེད་དུ་སྣང་།

ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་། ལམ་ལུགས་འདི་ནི་བོད་མི་མང་གི་མངོན་འདོད་གསལ་སྟོན་བྱེད་རྒྱུའི་བརྒྱུད་ལམ་གལ་ཆེ་ཤོས་དང་། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཡུན་གནས་ཐུབ་པའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་རྣམས་བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་པའི་ཐོག་ནས་ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་བཏང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས།

གོང་འཁོད་རྒྱུ་མཚན་གཞི་བཟུང་ངས་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཡང་བསྐྱར་ལས་ཡུན་ཞིག་གནང་ཐུབ་རེ་བྱས་པ་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་དོ་ཁུར་ཅན་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་ཁ་ཕྱོགས་ཇི་ཆགས་ལ་ཐུགས་འཚབ་གནང་མཁན་མང་པོས་ཀྱང་བསམ་ཚུལ་བཏོན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེ་མཆོག་ཡང་བསྐྱར་གནང་བཞེད་མེད་པ་ཤེས་ཀྱི་ཡོད་ལ། དེ་མཚུངས་ད་ལྟའི་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པའང་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་འགན་དབང་གསོལ་རས་བསྩལ་བའི་ལམ་ལུགས་གསར་གཏོད་གནང་བ་བརྒྱུད་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་འོས་འདེམས་བྱེད་རྒྱུའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན། འདས་པའི་ལོ་བཅུའི་རིང་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་ཐུགས་སྤོབས་མཁྱེན་ཡོན་གྱི་དབང་གིས་བཀའ་བློན་ཁྲི་པའི་ལས་གནས་ཀྱི་མཚན་མཐོང་དང་འགན་ཁུར་གཟི་བརྗིད་ཅན་དུ་གྱུར་ཡོད།

བོད་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་ལམ་སྟོན་ལ་མཐའ་གཅིག་ཏུ་ཡིད་ཆེས་ཞུ་ཡི་ཡོད་པ་རྩོད་མེད་རེད། དེ་ཡང་རྨོངས་ཞེན་ནམ་དད་པའི་རྗེས་འབྲང་མ་ཡིན་པར་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་འདི་ཉིད་ཡིན་པ་ཤེས་པའི་སྒོ་ནས་རིགས་པའི་རྗེས་སུ་འབྲང་སྟེ་ཞུ་ཡི་ཡོད། དེ་མཚུངས་བོད་མི་ཚོས་རང་གི་ཕ་མེས་ནས་བརྒྱུད་པའི་ནང་དོན་རིག་པའི་སྲོལ་རྒྱུན་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྱད་ནོར་དང་། བོད་མིའི་སྟོབས་ཤུགས་དང་ཆིག་བསྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དེར་དགའ་ཞེན་དང་སྤོབས་པ་བྱེད་ཀྱི་ཡོད། འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ཆེས་ཡ་ང་ཞིང་བཟོད་དཀའ་བའི་ཛ་དྲག་གནས་བབ་འོག་ཏུའང་བོད་མིའི་སྙིང་སྟོབས་ཞུམ་མེད་ངང་གནས་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ཀྱང་བོད་མིའི་འཐབ་རྩོད་ཀྱིས་གོ་གནས་དམིགས་བསལ་ཅན་ཞིག་བཟུང་ཐུབ་པའང་བོད་མིའི་ཁྱད་ནོར་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པས། ང་ཚོས་འོས་འདེམས་བྱ་རྒྱུའི་འགོ་ཁྲིད་ཚོའང་གོང་གསལ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་ངེས་ཤིག་དགོས་པར་སྣང་བ་བཅས་ཕྲན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ ལ་ཞེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་ཡིག་དྲ་རྒྱ་རུ་བཀོད་འདུག །

{jcomments on}

Share this:
༢༦ ཀློག་གྲངས།