བསྟན་འཛིན་བདེ་ལེགས་ཀྱི་སྐུ་པར་གླེང་བ།

tenzin delekརིན་པོ་ཆེའི་སྐུ་པར་དེ་ནི་བཙོན་ཁང་ནང་དུ་བརྒྱབ་པའི་སྐུ་པར་ཞེས་དྲ་རྒྱ་ཁག་གི་ནང་དུ་ཐོན་འདུག སྐུ་པར་དེ་ལ་ཞིབ་ཚགས་པོའི་སྒོ་ནས་དཔྱད་ན་མ་གཏོགས། རང་གིས་ཐོག་མའི་ཚོད་དཔག་དང་དངོས་ཡོད་གནས་ཚུལ་ལས་བརྒལ་སྲིད།  གང་ཡིན་ཞེ་ན། སྤྲུལ་སྐུའི་སྐུ་པར་དེ་ནི་ཧ་ཅང་གི་ཞི་ལྷོད་དང་བཞུགས་གནས་སུ་དཔེ་ཆ་སོགས་མཐུན་རྐྱེན་འཛོམས་མདོག་མངོན་ཐབས་བྱས་འདུག

རིན་པོ་ཆེ་བཙོན་འོག་ཏུ་ཚུད་སྟངས་ཀྱི་རྒྱབ་ལྗོངས་ལ་བསམ་ཚེ།  ཕྱི་ལོ་༡༩༩༦ ཟླ་༧ པའི་ནང་དུ་དཀར་མཛེས་རང་སྐྱོང་ཁུལ་གྱི་རྫོང་རིམ་པའི་དཔོོན་རིགས་ཆེད་བསྐོངས་ཀྱིས་ཨ་ངག་བཀྲ་ཤིས་ལ་དགག་མཚང་འབྱིན་ཞེས་པའི་ཚོགས་འདུ་འཚོགས་ནས་ཡིག་ཆ་ཆེད་སྤེལ་བྱས་པའི་ནང་དོན་སྟེ། ཨ་ངག་བཀྲ་ཤིས་ཀྱིས་ཆོག་མཆན་མ་ཐོབ་པར་བྱས་པ་གསུམ་དང། རྗེས་ཕྱོགས་སུ་བྱས་ཆོག་པ་ལྔ་ཞེས་གསལ་ཡོད། གནད་དོན་འདི་དང་འབྲེལ་ནས་དཀར་མཛེས་རང་སྐྱོང་ཁུལ་གྱི་ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་དཔོན་རིགས་བཅས་ཀྱི་དབར་དུ་སྤྲུལ་སྐུ་དང་འགལ་ཟླའི་གནས་ཚུལ་ཧ་ཅང་གི་ཚབས་ཆེ། ཡིན་ཡང། ལོ་དེ་དག་གི་རིང་དུ་སྤྲུལ་སྐུ་དངོས་སུ་འཇུ་བཟུང་གི་ལག་ཆ་ཞིག་མ་རག་པ་རེད།  ཕྱི་ལོ་༢༠༠༢ ཟླ་༤ ཚེས་ ༧ ཉིན་སྤྲུལ་སྐུ་དངོས་སུ་འཇུ་བཟུང་གི་རྫུན་བཟོའི་ལག་ཆ་ཞིག་རག་པ་ནི། ཕྱི་ལོ་༢༠༠༡  ཟླ་༩ ཚེས་༡༡ ཉིན་ཨ་མི་རི་ཁའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཇིགས་སྐུལ་གྱི་ལས་འགུལ་ཐོན་མ་ཐག་ཏུ་རྒྱ་གཞུང་གིས་བྷན་ལ་ཌན་གྱི་ཕྱོགས་ལ་རྒོལ་གཏམ་དྲག་པོ་ཞིག་སྤེལ་ཡོད།

རྒོལ་གཏམ་དེ་སྤེལ་ནས་ཟླ་བ་བདུན་ཙམ་ལས་མ་འདས་པའི་མཚམས་སུ་སྤྲུལ་སྐུ་ལ་འཇིགས་སྐུལ་དྲག་སྤྱོད་པའི་ཉེས་མིང་བཀལ་ནས་འཇུ་བཟུང་བྱས། དོན་དངོས་ཀྱི་ཐོག་ལ་རྒྱ་གཞུང་གི་རྒོལ་གཏམ་དེ་བྷན་ལ་ཌན་ཕྱོགས་ལ་མིན་པར། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་རྒོལ་བའི་གཏམ་ཞིག་མངོན་འགྱུར་བྱུང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས། སྤྲུལ་སྐུའི་བཙོན་འོག་གི་རྒྱུན་ལྡན་གྱི་འཚོ་བ་དེ་སྐུ་པར་འདིའི་ནང་དུ་གསལ་བ་ལྟར་ཡོད་མེད་དེ་རེད། འདིའི་སྐོར་གྱི་གནས་ཚུལ་གསལ་ཤོས་ཤིག་སྟེ། རིན་པོ་ཆེ་བཙོན་འོག་ཏུ་ཚུད་རྗེས་སུ་གསུང་བཤད་སྒྲ་ཐག་ཅིག་རག་ཡོད་པ་དེའི་ནང་དུ་གསུང་དོན། “ད་རེས་ངའི་ལུས་སྲོག་འདི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་ལྷག་པར་དུ་འཛམ་གླིང་འདི་ལ་གནས་སྐབས་ཞི་བདེ་ཡོང་བ། མཐར་ཐུག་མཁའ་ཁྱབ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་ཐོབ་པའི་ཆེད་དུ་སྟོན་པ་བཀའ་དྲིན་ཅན་དང་རྒྱལ་བ་ཐམས་ཅད་མཁྱེན་པ་སོགས་ལ་ངའི་ལུས་སྲོག་འདི་འབུལ་གྱི་ཡིན་”ཞེས་གསུངས་ཡོད། གསུང་འདིས་གང་མཚོན་གྱི་འདུག་དཔྱད་པ་བཏང་ན། རིན་པོ་ཆེ་ཡི་བཙོན་འོག་གི་འཚོ་བ་ངོ་མ་དེ་གང་ཡིན་མངོན་ཐུབ་ཀྱི་འདུག
སྤྱིར་རྒྱ་གཞུང་གི་བཙོན་པ་ཚོར་བཙོན་ཁང་གི་སྒྲིག་ཆས་ཤིག་གཡོག་གི་ཡོད་ཀྱང། པར་འདིའི་ནང་དུ་རིན་པོ་ཆེས་རྒྱུན་ལྡན་གྱི་གྲ་ཆས་ཤིག་བཞེས་ཡོད་པར་མངོན་འདུག སྤྲུལ་སྐུ་བཙོན་འོག་ཏུ་མ་ཚུད་གོང་རྒྱ་གཞུང་དང་འགལ་ཟླ་ཆེ་ཤོས་ཤིག་ནི་ཆོས་ལུགས་ཀྱི་ཐོག་ལ་བྱུང་ཡོད། བཙོན་འོག་ཏུ་ཚུད་ཟིན་པའི་རྗེས་སུ་སྤྲུལ་སྐུའི་བཞུགས་གནས་སུ་ཆོས་ལུགས་སྐོར་གྱི་པོ་ཏི་དང་དེབ་སོགས་སྤྲད་ནས་ཞི་ལྷོད་ངང་ཆོས་བྱེད་ཀྱི་རང་དབང་ལྟ་བུ་ཞིག་མཐོང་ཡང། དེ་ནི་ཆོས་ལུགས་དུག་ལྟར་འཛིན་པའི་དམར་པོའི་སྲིད་གཞུང་གིས་བྱེད་ཚུལ་དང་འགལ་འདུག རྒྱ་གཞུང་གིས་ཆབ་སྲིད་བཙོན་པ་ཚོར་ཀློག་འཇུག་རྒྱུ་དང་སློབ་འཇུག་པ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཏཱ་ལའི་བླ་མར་ངོ་རྒོལ་དགག་རྒྱག་བྱེད་རྒྱུ་དེ་རེད། པར་འདིའི་འབྱུང་ཁུངས་གསལ་པོ་མ་ཤེས་ཀྱང། རྒྱ་གཞུང་གིས་དད་ལྡན་མང་ཚོགས་ཀྱི་ཟིང་ཆ་འཇགས་ཐབས་ལ་དམིགས་ནས་ཆེད་བསྒྲིགས་བྱས་པ་ཞིག་ཡིན་མིན་དོགས་གནས་རེད། རྒྱུ་མཚན་ནི་གོང་དུ་འགའ་ཞིག་བགྲངས་ཟིན་ཡང། བཙོན་ཁང་ནང་ནས་རིན་པོ་ཆེ་ཡི་ཕྱག་ཏུ་པོ་ཏི་ཞིག་བཞེས་ནས་བཙོན་ཁང་དུ་བཞུགས་མེད་པ་ལྟ་བུའི་སྐུ་པར་ཞིག་ཕྱི་བསྒྲགས་བྱུང་དུས་ཅུང་ཟད་ཡ་མཚན་སྐྱེས།

དོན་ངོ་མ་རིན་པོ་ཆེ་ལ་དེ་འདྲའི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ཞིག་ཡོད་ན། ཁོང་གི་ཆེད་དུ་ཁྲིམས་གཏུགས་ཀྱི་འགྲོ་གྲོན་མང་ཚོགས་ནང་དུ་བསྡུ་རུབ་བྱ་དགོས་ཡང་ངོ་ཚ་དགོས་ཀྱི་མེད་གསུངས་དུས། གསུངས་འདི་ལ་རྒྱུ་མཚན་ཧ་ཅང་གི་མང་པོ་ཡོད་ངེས་ཀྱང། གཅིག་ན། ཁོང་ལ་ད་ལྟ་བཙོན་འོག་ཏུ་ཞི་ལྷོད་དང་ཆོས་བྱེད་ཀྱི་རང་དབང་མེད་པ་གསལ་པོ་གོ་ཐུབ་ཀྱི་འདུག

མདོར་ན་ཕྱི་ལོགས་སུ་སྐུ་པར་འདི་འདྲ་ཞིག་དང་ཁོང་གི་སྤུན་ཉེ་གཉིས་ལ་གློ་བུར་དུ་ཐུག་ཕྲད་བྱེད་བཅུག་པ་འདི་དག་གི་རྒྱབ་ལྗོངས་འཚོལ་ཞིབ་བྱས་ནས་ཁོང་གི་སྐུ་སྲོག་ལ་སྲུང་སྐྱོབས་བྱ་དགོས།།

Share this:
༡༩ ཀློག་གྲངས།