བོད་ལ་ཁ་གཏད་རོགས་སྐྱོར་ནི་ཀྲུང་དབྱང་གི་ཇུས་གཞི་ཡིན་ཟེར།

ཟླ་འདིའི་ཚེས་༧ ཉིན་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པའི་ཚོགས་འདུ་ཞིག་བསྡུས་ནས།  ཅཱ་ཆིང་ལིན་གྱིས་བརྗོད་དོན། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་རྒྱུ་དེ་ནི། དེང་སྐབས་མ་འོངས་པའི་སྐབས་ཤིག་གི་རིང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ལས་དོན་གཙོ་བོ་ཡིན་པ་དང་། དེ་ཁྱབ་ཁོངས་སོ་སོར་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་བརྩོན་གྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་དང།

བོད་ལྗོངས་ཀྱི་ཁ་གཏད་རོགས་སྐྱོར་ནི་ཀྲུང་དབྱང་གི་འཐབ་ཇུས་ཇུས་གཞི་གལ་ཆེན་ཞིག་དང་། བོད་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་སྲུང་གལ་ཆེན་ཞིག ནུབ་རྒྱུད་གསར་སྤེལ་ཆེན་མོའི་གྲུབ་ཆ་གཙོ་བོ་ཞིག་བཅས་ཡིན་པའི་སྐོར་དང། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་གཞི་རྩའི་འགན་སྲུང་ཡིན་ཞེས་ཀྱང་བརྗོད་འདུག

ཚོགས་འདུ་དེའི་ཐོག་ཏུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆིང་ལིན་དང། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ལྗོངས་ཞིང་ལྔ་དང་། ཁ་གཏད་རོགས་སྐྱོར་གྱི་འགན་ཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་དབང་ཁེ་ལས་གཙོ་བོ་སོགས་ཀྱི་འབྲེལ་ཡོད་འགན་འཛིན་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད་འདུག །

{jcomments on}

Share this:
༢༥ ཀློག་གྲངས།