རྒྱལ་ཁབ་ཉི་ཤུའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

དེ་ཡང་ཟླ་འདིའི་ཚེས་༧ ཉིན་ཨཱི་པོ་ཁི་དུས་བབས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྐྱབས་བཅོལ་ལ་ཡོད་པའི་ཡུ་གུར་བ་ཚོས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་དང།  སྐབས་དེར་འཛམ་གླིང་ཡུ་གུར་མཉམ་འབྲེལ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཌིལ་ཤ་ཊི་རཱ་ཤི་མཆོག་གིས་གསར་འགོད་པར། ལོ་སྔོན་མའི་ཟླ་༧ ཚེས་༥ ནས་ཤར་ཏུར་ཀི་སི་ཐན་ ནང་གི་རྒྱ་རིགས་དབང་འཛིན་པ་ཚོས། ཞི་རྒོལ་བྱེད་མཁན་ཡུ་གུར་བ་མང་པོ་འཛིན་བཟུང་བྱས་ཡོད་པ་དང། ང་ཚོས་རེ་འདུན་བྱས་པ་ལྟར། འཛིན་བཟུང་བཀག་ཉར་དང་མནར་གཅོད་འོག་ཏུ་ཡོད་པའི་ཡུ་གུར་བ་ཚོ་གུ་ཡང་བཏང་ན། སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་ཡོང་རྒྱུ་ནི་སྨྲོས་མེད་རེད་ཅེས་བརྗོད་འདུག

portest by yukarཡང་ཁོང་གིས་མུ་མཐུད་ནས། ང་ཚོས་རྒྱ་ནག་དམར་ཕྱོགས་ཚོགས་པའི་དཔོན་རིགས་ཚོར་དགོས་འདུན་བཏོན་པ་རྣམས་དང་ལེན་བྱེད་ཆེད་དུ། ནུབ་ཕྱོགས་རྒྱལ་ཁབ་དང་ཉི་ཧོང་སོགས་རྒྱལ་ཁབ་ཁག་མི་འདྲ་བ་༢༠ ལྷག་ཙམ་ནང་ཡོད་པའི་ཡུ་གུར་བ་ཚོས། འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་ནས་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་སྤུན་ཟླ་ཚོའི་འདྲ་པར་འགྲེམས་སྟོན་དང། རྒྱ་ནག་གི་དཔོན་རིགས་ཚོས་དངོས་ཡོད་གནས་ཚུལ་སྦས་ནས་འཁྱོག་བཤད་བྱས་ཡོད་པའི་དུས་ཐུང་གློག་བརྙན་གཟིགས་འབུལ། དེ་བཞིན་ངོ་རྒོལ་གྱི་གླུ་གཞས་དང་རྒྱལ་དར་སོགས་འཕྱར་ནས་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ཅེས་བརྗོད་ཡོད་པ་རེད།

གསར་འགྱུར་དབྱེ་ཞིབ་པ་ཚོས། ད་ལྟའི་སྐབས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་པ་དང། ལྷག་དོན་བོད་ཕྱི་ནང་གཉིས་ནས་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཉིན། ཚང་མ་དུས་གཅིག་གི་ནང་ལངས་ཏེ་རྒྱ་གཞུང་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་པ་ལྟར། དེང་སྐབས་ཡུ་གུར་བ་ཚོས་བདུན་པའི་ལྔ་དྲན་གསོ་ཞེས་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་གི་འགོ་བཙུགས་ཟིན་པ་དང། འབྱུང་འགྱུར་ལོ་བསྟར་ཆགས་སུ་དྲན་གསོའི་ཉིན་མོ་དེ་སྲུང་བརྩི་བྱེད་གཏན་ཁེལ་ཡོད་པས། རྒྱ་ནག་གཞུང་གིས་ཡུལ་དང་བོད་གཉིས་ཀྱི་གནས་བབས་ལ་ཇི་སྲིད་འགྱུར་ལྡོག་ཤིག་མ་བཏང་ན། དེ་སྲིད་དུ་ཡུ་གུར་དང་བོད་གཉིས་ཀྱི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་འཚམས་འཇོག་བྱེད་མི་སྲིད་པ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}

Share this:
༡༠༡ ཀློག་གྲངས།