ཡུལ་མི་ཁྲི་ལས་བརྒལ་བས་རྒྱ་གཞུང་ལ་ངོ་རྒོལ།

དེ་ཡང་ཟླ་འདིའི་ཚེས་༡༦ ཨ་རིིའི་ཨི་པཱོ་ཁི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་རྒྱབ་སྐྱོར་འོག་ནས་དེང་སྐབས་རྒྱ་ནག་གི་གྲོང་གསེབ་ཁག་ནང། སྒེར་བདག་ལས་རིགས་ཀྱི་བཟོ་གྲྭ་ཕོན་ཆེན་འཛུགས་བཞིན་ཡོད་པ་དང། ཉེ་དུས་རྒྱ་ནག་གི་ལྷོ་ཕྱོགས་ཀཱོན་ཤིའི་ཞིང་ཆེན་གྱི་ས་ཁུལ་ཤིན་ཤིའི་ནང་། ཧྭ་ཡང་གི་བཟོ་གྲྭ་ཆེན་པོ་ཞིག་གསར་འཛུགས་བྱས་ནས། བཟོ་བདག་དང་བཟོ་པ་ཚོས་གཞུང་གི་རྒྱབ་སྐྱོར་དཔུང་ལ་བརྟེན་ནས། གྲོང་གསེབ་ཁག་གི་ཞིང་ཁ་དང་འཐུང་ཆུ། འགྲོ་ལམ། མཁའ་རླུང་སོགས་སྣང་མེད་བཏང་ནས་འབག་བཙོག་ཚབས་ཆེན་བཟོ་བཞིན་ཡོད་པས། ཞིང་པ་ཚོ་ཁྲི་ཚོ་བརྒལ་བ་སྡེབས་ལངས་བྱས་ནས་འཕྲེད་དར་འཕྱར་བ་དང་སྐད་འབོད་བརྒྱབ་པ་སོགས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། བཟོ་པ་དང་ཡུལ་མི་ངོ་རྒོལ་བ་ཚོའི་དབར་འཁྲུག་འཛིང་ཤོར་ཡོད་པ་དང། ཡུལ་མི་མང་པོས་པེ་ཅིང་དུ་ཞུ་གཏུག་རྒྱག་པར་བསྐྱོད་སྐབས། ས་གནས་ཉེན་རྟོག་པས་ཡུལ་མི་ཚོར་བརྡུང་རྡེག་བཏང་ནས་བུད་མེད་མང་པོ་ལམ་བར་ནས་དྲན་མེད་དུ་བསྒྱལ་ཡོད་འདུག

ཡུལ་མི་ཚོའི་སྐད་འབོད་དང་འཕྲེད་དར་གྱི་སྟེང་དུ་བྲིས་པའི་ནང་དོན་ནི། “ང་ཚོའི་ནང་དང་། ས་ཞིང། གཙང་པོ་གསུམ་ཕྱིར་སློག་བྱེད་དགོས་”ཞེས་པ་འདི་ཡིན་པ་དང། ས་ཞིང་བཟོ་གྲྭ་ལ་བཙོང་དགོས་པའི་བཙན་སྐུལ་བྱེད་ཀྱི་ཡོད་པ་དང། གཙང་པོའི་ནང་རྫས་རིགས་ཀྱི་འབག་བཙོག་མང་དྲགས་ནས་ཕྲུ་གུ་དབང་པོ་སྐྱོན་ཅན་སྐྱེས་པ་དང། ཡུལ་མི་ཚོར་ནད་རིགས་འདྲ་མིན་དང་སྐྲན་ནད་ན་མཁན་མང་དུ་འགྲོ་བཞིན་ཡོད་པས། ཡུལ་མི་ཚོས་མ་བཟོད་ནས་རྡོ་དང་ཤིང་། ས་སྣུམ་སོགས་ཀྱིས་བཟོས་པའི་འབར་རྫས་ཆུང་ངུ་རེ་བཟོ་གྲྭའི་ཉེ་འགྲམ་དུ་གཡུགས་སྐབས། ཉེན་རྟོག་པ་གོ་ལག་རང་འགྲིག་ཅན་༣༠༠ ཙམ་གྱིས་མི་མང་ལ་རྒོལ་རྡུང་བཏང་ཡོད་པ་རེད།

སྐབས་དེར་ངོ་རྒོལ་བ་ཧུན་ཨན་ཟེར་བས་གསར་འགོད་པ་ཚོར། “བཟོ་བདག་ཚོས་ལམ་ཁ་གསར་པ་བཟོ་འཆར་ཡོད་པར་ང་ཚོས་ངོ་རྒོལ་བྱས་ནས་བཟོ་བཅུག་མེད་པས། བཟོ་བདག་དང་འབྲེལ་ཡོད་ཚོས་ཆེད་མངགས་མི་བཏང་ནས། ས་ཁུལ་འདིའི་ནང་གི་མི་སུ་འདྲ་ཞིག་མཐོང་རུང་རྒོལ་རྡུང་བཏང་སོང། དེ་ནས་ཡུལ་མི་མང་པོ་སྡེབས་ལངས་ཀྱིས་ཕར་རྒོལ་བྱེད་སྐབས། གོ་ལག་རང་འགྲིག་གི་ས་གནས་ཉེན་རྟོག་པ་ཡོང་ནས། ཡུལ་མི་ཚོ་བཀག་འགོག་བྱས་ཀྱང་བཟོ་པ་ཚོར་ཐེ་གཏོགས་བྱས་མ་སོང་”ཞེས་དང། ཁོང་གིས་མུ་མཐུད་ནས། “བཟོ་བདག་ཚོས་རིན་གོང་ཆུང་ངུ་སྤྲད་ནས་ས་ཞིང་ཉོ་ཐབས་བྱས་ཀྱང། ཡུལ་མི་ཚོས་དང་ལེན་བྱས་མེད་པས་ས་གནས་གཞུང་གིས་ངེས་པར་དུ་བཙོང་དགོས་པའི་བཀའ་བཏང་བ་རེད། དེ་ནས་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་པེ་ཅིང་དུ་ཞུ་གཏུགས་བྱེད་པར་འགྲོ་སྐབས། ས་གནས་ཉེན་རྟོག་པས་རྒོལ་རྡུང་བཏང་ནས་གཏོང་གི་མི་འདུག་”ཅེས་འགྲེལ་བརྗོད་བྱས་ཡོད་འདུག།

{jcomments on}

 

 

.

Share this:
༦༣ ཀློག་གྲངས།