ལྷོད་གཡེང་གཏོང་མི་རུང་བའི་ནག་ཉེས་ཅན་གྱི་དགོན་པ་རེད་ཟེར།

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༡༠ ཟླ་བ་༤ པའི་ནང་ནག་ཆུ་རྫོང་ཤག་རོང་པོ་དགོན་དུ་རྒྱ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་ཡོང་ནས་ཟླ་བ་གཅིག་ལྷག་རིང་གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤྲད་ནས་ཕྱིར་ལོག་བྱས་རྗེས། ཕྱི་ལོ་༢༠༡༠ ཟླ་༥ པའི་༡༧ ཉིན་དགོན་པ་དང་དེའི་ཉེ་འཁོར་གྱི་ཁ་པར་སོགས་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་པ་དང༌། ཟླ་བ་རིན་པོ་ཆེ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་རོང་པོ་ཆོས་རྗེ་སྐུ་ཕྲེང་ལྔ་པའི་ཡང་སྲིད་རྩད་གཅོད་ཀྱི་ཐོག་ལ་༧གོང་ས་མཆོག་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་ལྷ་ས་ནས་འཛིན་བཟུང་བྱས་པ་དང། དེ་དང་མཉམ་དུ་དགོན་པའི་ལས་སྣེ་གྲྭ་དུང་ཕུག་དང། ངག་དབང་བྱང་ཆུབ། གྲྭ་ངག་དབང་ཐོགས་མེད། མི་སྐྱ་བཀྲ་ཤིས་དོན་གྲུབ་བཅས་འཛིན་བཟུང་བྱས་འདུག་པ་དེ་དག་རྗེས་སུ་རིམ་བཞིན་གློད་གྲོལ་བཏང་ཡང། དགོན་པའི་ལས་སྣེ་གྲྭ་ངག་དབང་ཐོགས་མེད་རང་ལོ་༣༥ ཡིན་པ་ཁོང་གི་ཤག་ཏུ་༧གོང་ས་མཆོག་གི་སྐུ་པར་ཉར་བའི་ཉེས་འཛུགས་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དེའི་སྐབས་སུ་ཤག་རོང་པོ་དགོན་དུ་རྒྱ་གཞུང་གི་གནད་ཡོད་མི་སྣ་ལྔ་བཅུ་ཙམ་དང༌། དམག་མི་བརྒྱ་དང་ལྔ་བཅུ་ཙམ་ཡོང་ནས་དགོན་པའི་དགེ་འདུན་པ་རྣམས་ལ་དམ་དྲག་གིས་འདྲི་བརྩད་བྱས་དོན། ༧གོང་ས་མཆོག་དང་བླ་མ་ཟླ་བ་གཉིས་ལ་དགག་པ་མཐའ་ཅིག་ཏུ་རྒྱག་དགོས་པ་དང༌། དགོན་པའི་ངོས་ནས་ད་ནས་བཟུང་བླ་མ་ཟླ་བ་དང་འབྲེལ་བ་བྱེད་མི་ཆོག་པ་དང། བླ་མ་ཟླ་བ་ད་ནས་བཟུང་སྟེ་བླ་མ་མིན་པ་མ་ཟད་སྐུ་ཕྲེང་རྗེས་མའི་ཡང་སྲིད་ཀྱང་ངོས་འཛིན་བྱ་མི་ཆོག་ཅེས་བརྗོད་པ་དང༌། བླ་མ་ཟླ་བ་ནི་ཏཱ་ལའི་རྗེས་འབྲང་པ་ཡིན་པས་ཁྱེད་ཚོས་མཐའ་གཅིག་ཏུ་དགག་པ་རྒྱག་དགོས་ཞེས་མི་རེ་རེ་ལ་མཛུབ་མོ་འཛུགས་སྐབས། གྲྭ་བྱམས་པ་ཟེར་བ་སེམས་མ་བདེ་བར་ཆགས་ནས་དྲན་པ་འཐོར་ཡོད་འདུག དགོན་པའི་དགེ་སྐོས་བཀྲ་ཤིས་བསྟན་བཟང་ཡང་དེའི་སྐབས་སེམས་ཁམས་མ་བདེ་བ་བྱུང་བའི་རྐྱེན་གྱིས་ད་ལྟའི་བར་དགོན་པའི་ལས་སྣེ་ཤོར་ནས་ཁྱིམ་དུ་ལྷག་ཡོད་འདུག

དེ་ནས་རྒྱ་གཞུང་གི་ལས་བྱེད་པ་དང་དགེ་འདུན་པའི་དབར་རྙོག་གྲ་བྱུང་བར་བརྟེན་དགོན་པ་ཡང་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་འདུག རྒྱ་གཞུང་གིས་དགོན་པར་དྲག་གནོན་བྱས་པ་དང༌། བླ་མ་བཙོན་དུ་བཟུང་བ། ༧གོང་ས་མཆོག་ལ་མཚན་དམོད་ཞུ་དགོས་པའི་བཙན་གནོན་བྱས་པར་བརྟེན། སེར་སྐྱ་ཡོངས་ཀྱིས་དགའ་གུས་བྱེད་ས་དགོན་པ་དེའི་གྲྭ་དགེ་སློང་ངག་དབང་རྒྱ་མཚོ་ཞེས་པ་དགུང་ལོ་བདུན་བཅུར་སོན་པ་ཞིག ཕྱིི་ཟླ་༥པའི་ཚེས་༢༠ ཉིན་རང་ཤི་རྒྱག་དགོས་བྱུང་འདུག ཁོང་གྲོངས་ཁར་ཡི་གེ་མང་པོ་བྲིས་ནས་བཞག་ཡོད་འདུག་ཀྱང་རྒྱ་གཞུང་གི་གནད་ཡོད་མི་སྣས་བཙན་ཁྱེར་བྱས་ནས་ལག་སོན་བྱུང་མེད་པས་ཡི་གེ་དེའི་ནང་ག་རེ་བྲིས་ཡོད་མེད་གསལ་ཁ་མེད་པ་རེད། དེའི་སྐབས་རྒྱ་གཞུང་གི་མི་སྣས་ཁོ་པ་ན་ནས་ཤི་བ་རེད་མ་གཏོགས་རང་ཤི་བརྒྱབ་པ་རེད་ཅེས་སུས་ཀྱང་བཤད་མི་ཆོག གལ་ཏེ་བཤད་ན་བཙོན་དུ་འཛིན་ངེས་ཡིན་ཞེས་སྡིགས་ར་སྐུལ་ཡོད་པ་རེད།

དེ་རྗེས་ཕྱི་ཟླ་༥ པའི་ཚེས་༢༡ ནས་བཟུང་གོང་དུ་འཛིན་བཟུང་བྱས་པའི་མི་དེ་དག་ལས་འགའ་ཞིག་རིམ་བཞིན་གློད་གྲོལ་བཏང་བ་དང། བླ་མ་ཟླ་བ་རིན་པོ་ཆེ་ཟླ་བ་གཅིག་ཙམ་རིང་བཀག་ཉར་བྱས་རྗེས་གཞི་ནས་གློད་གྲོོལ་བཏང་ཡོད་འདུག་ཀྱང། སྔར་གྱི་ལས་སྣེ་ཐམས་ཅད་མེད་པར་བཟོས་པ་མ་ཟད་དགོན་པ་དང་འབྲེལ་བ་བྱེད་མི་ཆོག་པ་དང༌། ནག་ཆུ་གྲོང་ཁྱེར་ཉེ་འགྲམ་དུ་ཡོད་པའི་ཐོད་སྒོ་ལ་ཞེས་པའི་ས་ཆ་དེ་མན་ཆོད་གཏན་ནས་འགྲོ་མི་ཆོག་ཅེས་བཀའ་རྒྱ་བཟོས་ཡོད་པ་རེད། ད་ལྟའི་ཆར་ཁོང་དགུང་ལོ་བདུན་བཅུ་དོན་ལྔ་ཙམ་ཕེབས་ཟིན་པ་དང་སྙུང་གཞི་ཚབས་ཆེ་བར་བརྟེན་རང་ཁྱིམ་དུ་བཞག་ཡོད་འདུག འོན་ཀྱང་དགོན་པའི་གྲྭ་པ་སུ་གང་དང་ཐུག་འཕྲད་བྱེད་མི་ཆོག་པ་དང༌། ཉེ་འཁོར་དུ་རྒྱ་མིའི་ཉེན་རྟོག་པས་ཉིན་མཚན་ཀུན་ཏུ་མྱུལ་ཞིབ་བྱེད་མཁན་བཞག་ཡོད་འདུག

ད་ལྟའི་ཆར་དགོན་པ་སྒོ་ཕྱེས་ཡོད་ཀྱང་ཕྱི་ཟླ་༧ པའི་ཚེས་༡༧ ཉིན་དུས་རྒྱུན་དུ་དགོན་པའི་ལས་ཀ་གང་ཅིའི་ཐོག་རྐང་འཛིན་མཁན་ངག་དབང་བློ་བཟང་གིས་གཙོས་པའི་གྲྭ་པ་བཅུ་བདུན་གྱིས་དགོས་འདུན་བཏོན་པར། དགོན་པ་དང་བླ་མའི་བར་འབྲེལ་བ་དགོས་པ་དང༌། ༧་གོང་ས་མཆོག་དང་བླ་མ་ཟླ་བ་གཉིས་ལ་དགག་པ་རྒྱག་འདོད་མེད་པ་སོགས་རྒྱུ་མཚན་བགྲངས་ཀྱང་ཁས་ལེན་མ་བྱས་པར་དྲག་གནོན་མུ་འཐུད་བྱས་པར་བརྟེན། འུ་ཐུག་ཐབས་ཟད་ངང་དགོན་པ་ནས་ཕྱིར་ཐོན་དགོས་བྱུང་འདུག ཁོང་རྣམས་རྒྱ་གཞུང་གིས་བདུན་ཕྲག་རེ་རེའི་མཚམས་སུ་ཤང་སྲིད་གཞུང་དུ་ཐེངས་རེ་ཡོང་དགོས་པ་དང༌། ལོ་གཉིས་ཀྱི་རིང་ས་ཆ་འདྲ་མིན་ལ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

དེའི་སྐབས་བྱུང་བའི་དོན་རྐྱེན་དེ་ལ་རྒྱ་གཞུང་གིས་ལྔ་ཉི་ཤུའི་དོན་རྐྱེན་ཞེས་བཏགས་ཡོད་པ་དང༌། ནག་ཆུ་ས་ཁུལ་དུ་དགོན་སྡེ་བརྒྱ་དང་བཅུ་གསུམ་ཡོད་པའི་ནང་ནས་ཤག་རོང་པོ་དགོན་དེ་ཉིད་ལྷོད་གཡེང་གཏོང་མི་རུང་བའི་ནག་ཉེས་ཆེ་བའི་དགོན་པ་ཨང་དང་པོ་རུ་བགྲང་འདུག་པ་མ་ཟད། ད་ལྟའི་ཆར་དྲག་ཆས་ཉེན་རྟོག་པ་གཏན་སྡོད་ཀྱིས་དགོན་པ་དེ་ཉིད་ཛ་དྲག་གི་གནས་སྟངས་ནང་དུ་ལྷུང་ཡོད་པ་རེད་ཅེས་གནད་ཡོད་མི་སྣ་དེས་འགྲེལ་བརྗོད་བྱས་བྱུང།།

{jcomments on}

Share this:
༡༠༧ ཀློག་གྲངས།