ཇི་ལྟར་གྲུབ་པ་བཞིན་དེ་ལྟར་འཚོ་གནས་ཐུབ་པ་ཞིག་ཡོང་དགོས་ཀྱི་འདུག་གསུངས་སོང་།

བོད་པ་དེ་ཇི་ལྟར་གྲུབ་པ་བཞིན་དེ་རང་གི་ངོ་བོའི་ཐོག་ནས་འཚོ་གནས་ཐུབ་པའི་གོ་སྐབས་ཞིག་བསྐྲུན་དགོས་ཀྱི་འདུག དེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་དབང་སྒྱུར་དང་། དམག བཙན་གནོན། དྲག་ཤུགས་བཅས་ཀྱི་ཐོག་ནས་འགལ་རྐྱེན་བཟོས་ན་འགྲིག་གི་མི་འདུག་ཟེར་བ་ང་ཚོས་སྐད་ཆ་བཤད་རྒྱུའི་དམིགས་ཡུལ་དང་བསྒྲུབ་བྱ་དེ་ཆགས་ཀྱི་ཡོད་རེད་ཅེས་ཟམ་གདོང་རིན་པོ་ཆེས་གསུངས་སོང་།

ཟླ་འདིའི་ཚེས་༢༠ ཡི་ཉིན་རྒྱབ་ཆུ་ཚོད་༢ པར་གཟའ་རུ་བོད་ཀྱི་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་༼རྒྱལ་སྤྱིའི་ནང་བོད་དོན་གྱི་གལ་གནད་རང་བཞིན་༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང་ཞིང་། སྐབས་དེར་མི་རིགས་འདྲ་མིན་ནས་ཡིན་པའི་དོ་སྣང་ཅན་གྱི་སྐྱ་སེར་ཕོ་མོ་བརྒྱ་ཕྲག་ལས་བརྒལ་བ་འཛོམས་འདུག་པ་མ་ཟད། ཉེ་ཆར་བོད་ནས་འབྱོར་བའི་མཇལ་བསྐོར་བ་མང་དག་ཅིག་ཀྱང་མཉམ་ཞུགས་གནང་འདུག

ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་སྐབས། སྤྱིར་བོད་པའི་དཀའ་རྙོག་དེ་ངོས་ཟིན་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་༡༩༥༩ ལོར་ཐོག་མར་སྐྱབས་བཅོལ་དུ་ཡོང་སྐབས་ཕྱི་རྒྱལ་བ་ཚོས་བོད་པའི་དཀའ་རྙོག་གང་ཡིན་གསལ་པོར་ཤེས་ཀྱི་མེད་པ་དང་། དེ་དང་ཆབས་ཅིག་ཏུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞི་རྒྱ་ཆེ་བའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་བའི་ནང་བོད་པ་བཙན་བྱོལ་བ་ཚང་མ་ལོག་སྤྱོད་པ་དང་། གཡས་ཕྱོགས་པ། མར་ཁེ་སི་དང་ལེ་ཉིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ངོ་རྒོལ་བྱེད་མཁན་ཡིན་པར་བསྒྲགས་ཡོད་སྟབས་མང་པོ་ཞིག་གིས་གུང་ཁྲན་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ངོ་རྒོལ་བྱེད་མཁན་གྱི་བཟོ་འདྲ་ཞིག་ཡིན་པ་དང་། དེ་ཁས་ལེན་མ་ཐུབ་ཙང་བོད་པ་རྣམས་བོད་ནང་གནས་མ་ཐུབ་པ་དང་། བོད་ཀྱི་དཀའ་རྙོག་དེ་ཆབ་སྲིད་ཀྱི་ལྟ་བའི་འགལ་ཟླ་ཡིན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་མཁན་མང་པོ་བྱུང་སྐོར་དང་། བོད་པའི་དཀའ་རྙོག་དེ་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འགལ་ཟླའི་གཞི་རྩ་ཅན་ཞིག་མིན་པ་དེ་གསལ་པོ་མཁྱེན་དགོས་རྒྱུ་གལ་ཆེ་སྐོར། རྒྱ་ནག་གིས་བོད་ཀྱི་རྒྱུན་འཛིན་གྱི་སྐུ་དྲག་ཁག་དང་། ལྷག་པར་དུ་༧རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ཆབ་སྲིད་ཀྱི་སྐུ་དབང་དེ་བཀས་བཀོད་རིང་ལུགས་ཀྱི་རྒྱུན་འཛིན་གྱི་ཐོག་ནས་ཡོང་བ་ཞིག་ཆགས་བསྡད་ཡོད་སྟབས་དེ་འགོ་འཇུག་སློག་ནས་མི་མང་གི་དབང་ཆ་དེ་མི་མང་ལ་སྤྲད་རྒྱུ་བྱས་ཀྱང་དེར་འདོད་པ་མ་ཁེངས་ནས་བོད་པས་གྱེན་ལངས་བྱས་པ་རེད་ཅེས་ལོག་སྤྱོད་པ་ཟེར་ནས་འཁྱོག་བཤད་བྱས་ཏེ། བོད་ཀྱི་དཀའ་རྙོག་དེ་སྲིད་དབང་འཐབ་རྩོད་ཅིག་ཡིན་པར་བརྗོད་ཡོད་ཀྱང་དེ་རྩ་བ་ནས་མིན་པ་གསལ་པོ་ཡིན་སྐོར། གཞན་ཡང་དོན་ཚན་དེ་དང་འབྲེལ་ནས་གསུང་དོན་དུ་“༧རྒྱལ་དབང་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་གོང་ནས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་དགོས་པ་དང་། དེང་རབས་ཀྱི་མང་གཙོའི་རིང་ལུགས་རྩ་ཁྲིམས་དང་ལྡན་པའི་སྒྲིག་འཛུགས་ཤིག་ཏུ་སྒྱུར་དགོས་པ་དེ་དགུང་ལོ་༡༣-༡༤ ནས་དགོངས་པ་བཞེས་ཏེ་འབད་བརྩོན་གནང་ཡོད་པ་ཞིག་རེད། དེའི་བདེན་དཔང་ག་རེ་ཡོད་རེད་ཟེར་ན་ཆབ་སྲིད་ཀྱི་སྐུ་དབང་བཞེས་མ་ཐག་ཏུ་ཕྱག་ལས་དང་པོ་དེ་ལས་བཅོས་ལས་ཁུངས་ཟེར་བ་དེ་བཙུགས་གནང་པ་རེད། དེའི་ནང་ལས་ཀ་བྱེད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཇི་མ་ཇི་བཞིན་མ་རྟོགས་ནས་ག་རེ་བྱེད་དགོས་མ་ཤེས་པའི་དཀའ་ངལ་བྱུང་ཡོད་རེད་མ་གཏོགས་༧སྐྱབས་མགོན་རིན་པོ་ཆེ་རང་གི་དགོངས་ཚུལ་ནང་ལ་བོད་པའི་ཆབ་སྲིད་ཀྱི་རང་བཞིན་དེ་ཡང་དག་པའི་མང་གཙོའི་རིང་ལུགས་ལ་སྒྱུར་གནང་རྒྱུའི་དགོངས་གཞི་གཙོ་བོ་དེའི་ཐོག་ནས་ལས་བཅོས་ལས་ཁུངས་བཙུགས་གནང་པ་རེད། རེད་དེ། ལས་བཅོས་ལས་ཁུངས་བཙུགས། ༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་པའི་སྐབས་ལ་བོད་ཕྱེད་ཀ་སྟེ། ཆབ་མདོ་མན་ཆད་རྒྱ་དམར་གྱི་འོག་ལ་ཤོར་ཚར་བ་རེད། དེ་ནས་མི་རིང་བར་བོད་ཡོངས་རྫོགས་དོན་ཚན་༡༧ ཟེར་བ་དེའི་འོག་ལ་ཚུད་ནས་ལམ་ལྷོངས་མ་བྱུང་བ་ཞིག་རེད།”ཅེས་གསུངས་སོང་།

ཁོང་གིས་བརྗོད་གཞི་དང་འབྲེལ་ནས་བོད་ཀྱི་གནད་དོན་ག་རེ་ཡིན་མིན་གྱི་སྐོར་ལ་གསུང་དོན་དུ་“བོད་མི་རིགས་ལ་དམིགས་བསལ་གྱིས་འཁྲི་བའི་ལས་འགན་ཞིག་ཡོད་རེད། ལས་འགན་དེ་ག་རེ་བརྒྱུད་ནས་སྒྲུབ་ཀྱི་ཡོད་རེད་ཟེར་ན། བོད་པའི་ཆོས་དང་། བོད་པའི་རིག་གཞུང་། བོད་པའི་སྐད་ཡིག་གསུམ་གྱི་ཐོག་ནས་བསྒྲུབ་རྒྱུ་ཞིག་རེད། དེ་ལ་འགལ་རྐྱེན་བྱུང་བའི་སྐབས་སུ་བོད་མི་མང་ཚོགས་ཀྱིས་དེར་འགལ་རྐྱེན་བཟོས་ན་འགྲིག་གི་མི་འདུག་ཟེར་ནས་ངོས་ལེན་མ་བྱས་པའི་གནས་སྟངས་དང་། དེར་འགལ་ཟླ་བྱེད་དགོས་པའི་གནས་སྟངས་དེ་རང་བཞིན་ནས་ཆགས་པ་ཞིག་རེད། དེ་ཡང་ང་ཚོས་གསལ་པོ་བྱས་ནས་ཤེས་དགོས་པ་ཞིག་ལ་ཐོབ་ཐང་རྩོད་ཀྱི་ཡོད་མ་རེད། ལས་འགན་གྱི་གནས་བབ་དེ་འགྲིག་གི་མི་འདུག་ལབ་ཀྱི་ཡོད་རེད། ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། ཁྲིམས་ཀྱིས་དབང་སྒྱུར་བྱེད་སྟངས་དེའི་ཐོག་ནས་བོད་མི་རིགས་ཡོངས་ལ་འཁྲི་བའི་འགྲོ་བ་མི་སྤྱི་ཡོངས་སྐོར་གྱི་ལས་འགན་དེ་འགྲུབ་པར་འགལ་རྐྱེན་བཟོ་ཡི་འདུག འགལ་རྐྱེན་ཕྱོགས་མང་པོ་ནས་བཟོ་ཡི་འདུག དེ་འདྲ་ཡིན་ཙང་དེའི་གནས་སྟངས་དེ་འགྲིག་གི་མི་འདུག་གསུང་གི་ཡོད་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་པ་དེའི་ཐོག་ནས་ག་རེ་མཚོན་པ་རེད་ཟེར་ན། བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་འགལ་ཟླ་མ་ཡིན་པ་དང་། དབང་ཆའི་འཐབ་རྩོད་ཀྱི་འགལ་ཟླ་མ་ཡིན་པ། ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་འགལ་ཟླ་མ་ཡིན་པ་བཅས་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བསྟན་ཐུབ་པ་ཞིག་དང་བསྟན་གྱི་ཡོད་པ་ཞིག་རེད། དེར་བརྟེན་དེའི་ཐོག་ནས་གཟིགས་པ་ཡིན་ན་ང་ཚོའི་དཀའ་རྙོག་གི་ངོ་བོ་དེ་ག་རེ་ཡིན་པ་གསལ་པོ་ཆགས་ཐུབ་པ་ཞིག་རེད། ད་འགལ་ཟླ་དེ་ག་རེ་རེད་ཟེར་ན་བདེན་པ་དང་རྫུན་མའི་བར་གྱི་འགལ་ཟླ་ཞིག་དང་། དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འགལ་ཟླ་ཞིག་ཆགས་ཀྱི་ཡོད་རེད། འོས་པ་དང་མི་འོས་པའི་གནས་བབ་ཀྱི་ཐོག་ནས་འགལ་ཟླ་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་དེ་འདྲའི་འགལ་ཟླ་དེ་འགལ་ཟླ་གཞན་པ་ནང་བཞིན་སེལ་མི་ཐུབ་པའི་གནས་སྟངས་ཞིག་མ་རེད། ཕྱོགས་གཉིས་ཀ་ནས་གུ་ཤེས་བསམ་ཤེས་བྱུང་བ་ཡིན་ན་ང་ཚོའི་བར་ན་སེལ་རྒྱུའི་འགལ་ཟླ་དེ་གཏིང་ཟབ་པོ་དང་རླབས་ཆེན་པོ་གང་ཡང་མེད་པ་ཞིག་རེད། བོད་མི་རིགས་ལ་འཁྲི་བའི་འཇིག་རྟེན་སྤྱི་ཡོངས་ཀྱི་ལས་འགན་དེ་སྒྲུབ་པར་འགལ་རྐྱེན་མེད་པ་དང་། དེ་སྒྲུབ་པར་ནང་གི་རང་དབང་ཆ་ཚང་བྱུང་བ་ཡིན་ན་ང་ཚོས་ཆབ་སྲིད་ཀྱི་དབང་ཆ་དགོས་ཀྱི་ཡོད་ཟེར་གྱི་ཡོད་མ་རེད། མི་རིགས་ཀྱི་ཐོབ་ཐང་དགོས་ཀྱི་ཟེར་གྱི་ཡོད་མ་རེད། གང་ལྟར་བོད་པ་དེ་ཇི་ལྟར་གྲུབ་པ་བཞིན་དེ་རང་གི་ངོ་བོ་དཀྱུས་མ་མ་ཡིན་པ་འཚོ་གནས་ཐུབ་པའི་གོ་སྐབས་ཞིག་བསྐྲུན་དགོས་ཀྱི་འདུག དེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་དབང་སྒྱུར་དང་། དམག བཙན་གནོན། དྲག་ཤུགས་བཅས་ཀྱི་ཐོག་ནས་འགལ་རྐྱེན་བཟོས་ན་འགྲིག་གི་མི་འདུག་ཟེར་བ་ང་ཚོའི་སྐད་ཆ་བཤད་རྒྱུའི་དམིགས་ཡུལ་དང་བསྒྲུབ་བྱ་དེ་ཆགས་ཀྱི་ཡོད་རེད། དེ་གསལ་པོ་ཞིག་ཤེས་པ་ཡིན་ན་བོད་པའི་གནས་བབ་དེ་ག་རེ་ཡིན་པ་གསལ་པོ་མཁྱེན་ཐུབ་རྒྱུའི་རེ་བ་ཡོད་པ་ཞིག་རེད།”ཅེས་སོགས་གསུངས་སོང་།

དེ་བཞིན་ཁོང་གིས་བོད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་རང་བཞིན་ཅན་ག་འདྲ་ཆགས་ཡོད་མེད་ཀྱི་སྐོར་ལ་གསུང་སྐབས། སྟོན་པ་སངས་རྒྱས་ཀྱི་བཀའ་དང་རྗེས་མཇུག་མཁས་པའི་བསྟན་བཅོས་ཀྱི་དགོངས་དོན་ཚང་ལ་མ་ནོར་བར་ཡོད་ས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁོ་ན་ལས་ད་ཆ་མེེད་སྟབས། ནང་ཆོས་ཀྱི་ཐོག་ནས་བོད་དོན་རྒྱལ་སྤྱི་རང་བཞིན་ཅན་གྱི་གལ་གནད་ཆགས་ཡོད་སྐོར་དང་།  བོད་ཀྱི་ས་བབ་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་དང་། ཡོངས་གྲགས་སུ་ཨེ་ཤི་ཡའི་ཆུ་བོ་ཆེན་པོ་བརྒྱད་ཀྱི་འབྱུང་ཁུངས་ཆགས་ཡོད་སྟབས་ཨེ་ཤི་ཡའི་མི་འབོར་ཧ་ཅང་མང་པོའི་ཚེ་སྲོག་དང་བོད་མཐོ་སྒང་གི་ཆུ་བོ་དང་འབྲེལ་ཡོད་སྟབས་དེའི་ཐོག་ནས་བོད་དོན་དེ་རྒྱལ་སྤྱིའི་རང་བཞིན་གྱི་གལ་གནད་ཅན་ཆགས་ཡོད་པ། དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་ཀྱང་འཛམ་གླིང་གི་བདེ་འཇགས་དང་ཨེ་ཤི་ཡའི་བདེ་འཇགས་གཉིས་འབྲེལ་ཡོད་པ་དང་། ཨེ་ཤི་ཡའི་བདེ་འཇགས་དང་རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་གཉིས་འབྲེལ་ཡོད་པ། རྒྱ་དཀར་ནག་གཉིས་ཕན་ཚུན་བདེ་འཇགས་ཡོང་བར་བོད་དོན་གལ་འགངས་ཆེན་པོ་ཆགས་ཡོད་སྐོར་དང་། དུས་རབས་སྔོན་མའི་དཀྱིལ་དུ་རྒྱ་ནག་གིས་བོད་ས་བཙན་བཟུང་མ་བྱས་པའི་གོང་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་གི་དཀའ་རྙོག་འདི་འདྲ་མེད་ཀྱང་། བོད་ས་ཤོར་རྗེས་ས་མཚམས་རྩོད་རྙོག་དང་། གཙང་པོའི་གནད་དོན་སོགས་ཀྱི་ཐོག་ནས་དཀའ་ངལ་བསྟུད་མར་འབྱུང་བཞིན་ཡོད་སྐོར་སོགས་ཀྱི་སྒོ་ནས་བོད་དོན་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གལ་གནད་ཅན་ཆགས་ཡོད་སྐོར། དེ་བཞིན་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐོག་ནས་ཀྱང་། དེང་སང་འཛམ་གླིང་ནང་དམག་འཁྲུག་གི་འཚེ་བ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འཚེ་བ་སོགས་འཚེ་བའི་རྣམ་གྲངས་སྣ་ཚོགས་པ་ལ་བརྟེན་ནས་དཀའ་ངལ་ཆེན་པོ་ཡོད་ཀྱང་། ངག་ནས་འཚེ་མེད་ཞི་བ་ཞེས་བརྗོད་མཁན་མང་པོ་ཡོད་མིན་ལ་མ་ལྟོས་པར་དོན་དངོས་སུ་འཚེ་མེད་ཞི་བའི་ལམ་ལ་འཇུག་མཁན་ནི་བོད་པ་ཆགས་ཡོད་སྟབས། དེའི་ཐོག་ནས་ཀྱང་བོད་དོན་དེ་འཛམ་གླིང་ནང་གལ་གནད་རང་བཞིན་ཅན་ཆགས་ཡོད་སྐོར་གོང་གསལ་དོན་ཚན་རྣམས་ཀྱི་ཐོག་ལ་ཟབ་ཅིང་རྒྱས་པ་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༤༤ ཀློག་གྲངས།