དེང་གི་དུས་སུ་ཕ་སྐད་གཙང་མའི་སྤྱི་ཚོགས་ཡོང་ཐུབ་བམ།

བསྟན་འཛིན་པདྨས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་བྲིས།

༄༅། །བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་དུ་བོད་ཀྱི་སྐད་ཡིག་གི་ཛ་དྲག་གནས་སྟངས་ཐོག་ཐུགས་ཁུར་ཆེན་པོ་བཞེས་ནས། རང་གི་མི་ཚེ་དང་། རང་གི་མདུན་ལམ། རང་གི་ནང་མི་མ་ཟད། རང་གི་གཅེས་པའི་སྲོག་ཀྱང་འབེན་ལ་བཙུགས་ནས་རྒྱ་ནག་གི་ཡུལ་ཁྲིམས་ཀྱི་ཐོག་ནས་ལས་འགུལ་སྤེལ་ཡང་། ཁོང་གསང་བས་བཙན་ཁྲིད་ཀྱིས་བཙོན་དུ་བཅུག་ནས་ད་བར་ལོ་གྲངས་གཉིས་ལྷག་ཕྱིན་ཡོད་པ་ཚང་མས་མཁྱེན་གསལ་རེད།

དེ་བཞིན་ཚེ་རིང་སྐྱིད་ལགས་དང་། སྣང་སྒྲོལ་ལགས། བློ་བཟང་འཇམ་དབྱངས་ལགས། རི་སྐྱོ་ལགས། ངག་དབང་ནོར་འཕེལ་ལགས། སྙིང་དཀར་བཀྲ་ཤིས་ལགས། འཕགས་མོ་དོན་གྲུབ་ལགས་ལ་སོགས་པའི་བོད་རིགས་མང་དག་གཅིག་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་གི་རང་དབང་དང་གོ་ས་ཤོར་བཞིན་པའི་ཛ་དྲག་གནས་སྟངས་གཟིགས་ནས་ཐུགས་ཀྱིས་མ་བཟོད་པ་དེ་ཉིད། འཛམ་གླིང་ཡོངས་དང་ལྷག་པར་དུ་ང་ཚོ་བོད་མི་རྩམ་ཟན་ཚང་མར་སྟོན་ཆེད། རང་གི་གཅེས་པའི་སྐུ་གཟུགས་མཆོད་མེར་ཕུལ་ཡོད།

ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་དབང་ཕྱུག་ལགས་བཙོན་བཀྲོལ་ཐོབ་ཐབས་སུ་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད། དེ་བཞིན་སྐུ་གཟུགས་མཆོད་མེར་འབུལ་མཁན་དཔའ་བོ་དཔའ་མོ་དམ་པ་ཁོང་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཡང་རྒྱ་གང་ཆེ་གནང་ཡོད། འོན་ཀྱང་ང་ཚོའི་ལས་འགན་འདི་ཙམ་ཡིན་ནམ།

ཁོང་རྣམས་ཀྱི་མངོན་འདོད་ནི། བོད་མི་ཚོར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་དགོས་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་གོ་ས་དགོས་པ་སོགས་ཡིན། དེ་ནི་ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག ཤེས་ཡོན་དང་རིག་གཞུང་ལྟེ་གནས་ཁང་སོགས་དང་། ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་ཚང་མར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་ཆ་ཚང་ཡོད་པ་དང་། བོད་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་གོ་ས་ཡང་འབུལ་ཐུབ་པའི་གནས་བབ་ཞིག་ང་ཚོ་ཚང་མར་ཡོད་ལ། ཁོང་རྣམས་ཀྱི་མངོན་འདོད་འདི་དག་བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚང་མའི་མངོན་འདོད་ཀྱང་ཡིན་ཆོག་ལ། དེ་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མི་ཚེའི་ནང་ལག་ལེན་དུ་འཁེལ་ཐུབ་པ་ཞིག་དང་། ལག་ལེན་དུ་ཁེལ་དགོས་པ་ཞིག་ཡིན།

ང་ཚོ་ཚང་མས་གནད་དོན་འདིའི་ཐོག་གཟབ་གཟབ་ངང་ཐུགས་བསམ་རྒྱ་ཆེན་པོ་བཞེས་དགོས་པའི་དུས་ལ་སླེབས་ཡོད། བོད་ནང་དུ་རང་དབང་རྩ་བ་ནས་མེད་པའི་གནས་སྟངས་འོག་ལའང་། བོད་མི་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་བར་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་པ་མངོན་གསལ་རེད། འོན་ཀྱང་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་སོ་སོ་སྒེར་གྱི་མངོན་འདོད་ཁོ་ན་བསྒྲུབ་རྒྱུའི་སླད་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དོ་སྣང་དེ་ཙམ་མ་སྤྲད་པར་བསྡད་ན། མི་རིགས་ཀྱི་ལས་འགན་གལ་ཆེ་ཞིག་སྣང་མེད་བཏང་བ་དང་གཅིག་མཚུངས་ཡིན།

འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་འགྲོ་ཡི་ཡོད་པ་བོད་ཕྱི་ནང་གང་སར་གསུང་སྐད་ཤོར་མཁན་མང་པོ་ཡོད་པ་དང་། དེའི་རྒྱུ་རྐྱེན་རྒྱ་ནག་གཞུང་དང་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་ཡིན་པ་གསུང་གི་ཡོད། རྒྱུ་མཚན་དེ་དག་མ་རེད་རྩ་བ་ནས་ཞུ་ཡི་མེད་ཀྱང་། ང་ཚོ་གྲངས་ཉུང་ཡིན་ཡང་རང་དབང་ལུང་པ་ཁག་གི་ནང་དུ་ཡོད་པ་ཚོར་རང་དབང་ཆ་ཚང་ཡོད་ཀྱང་ང་ཚོས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་འབད་བརྩོན་ག་ཚོད་གནང་གི་ཡོད་མེད་སོ་སོས་སོ་སོར་དྲི་བ་བཏང་ན་མཁྱེན་གྱི་རེད། ཕྱིའི་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་འགྲོ་འགོ་ཚུགས་ཟིན་པ་རེད། འོན་ཀྱང་བོད་མི་རྩམ་ཟན་ཡོངས་ནས་ཉམས་པ་སླར་གསོའི་ལས་འགན་མ་ཁྱེར་ན་ཉམས་རྒུད་མུ་མཐུད་འགྲོ་རྒྱུ་དང་། ཉམས་རྒུད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་ཕན་གྲོགས་བྱེད་ཀྱི་ཡོད། དེ་འདྲ་ཡིན་ཙང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་འགྲོ་རྒྱུའི་རྒྱུ་རྐྱེན་རྒྱ་ནག་གུང་ཁྲན་གཅིག་པུ་མིན་པར་ང་ཚོ་ལའང་འགན་ཡོད་པ་ཙམ་མ་ཟད་འགན་ཆེན་པོ་ཡོད་པ་རེད།

དེར་བརྟེན་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་བར་ང་ཚོ་ཚང་མས་གང་ཐུབ་ཅི་ཐུབ་འབད་བརྩོན་བྱེད་དགོས་གལ་ཡིན་པ་སྨོས་མེད་ཡིན། དེ་ཡང་འགྲོ་སོང་དང་དུས་ཚོད་འཕར་མ་མང་པོ་གཏོང་མི་དགོས་པའི་ཐོག་ནས། བོད་རིགས་ཡོངས་ཀྱིས་གནང་ཐུབ་པའི་ཐབས་ཇུས་གཅིག་ནི། བོད་པའི་དུད་ཚང་རྣམས་བོད་དྲི་ཁ་བའི་ཁྱིམ་ཚང་ཞིག་བསྐྲུན་རྒྱུ་དེ་རེད། དེའི་ཆེད་དུ་དགོས་ངེས་ཆེ་ཤོས་དེ་ཆོད་སེམས་ཡིན། ཆོད་སེམས་བརྟན་པོ་ཡོད་ན་མི་འགྲུབ་པ་གང་ཡང་མེད། ང་ཚོ་མང་ཆེ་བའི་སེམས་ནང་ཡོད་པའི་དྲི་བ། དེང་གི་དུས་སུ་ཕ་སྐད་གཙང་མའི་སྤྱི་ཚོགས་ཡོང་ཐུབ་བམ་ཟེར་བ་དེའང་ཡོང་ཐུབ།

འདི་གང་འདྲ་ཡོང་ཐུབ་བམ་ཞེ་ན། ཐོག་མར་ཁྱིམ་ཚང་གི་ཕ་མར་ཕ་སྐད་གཙང་མའི་ཁྱིམ་ཚང་བཟོ་རྒྱུའི་ཆོད་སེམས་དེ་དགོས་པ་དང་། དེ་ནས་ཁྱིམ་ཚང་གི་བུ་ཕྲུག་དང་ནང་མི་གཞན་ཚོར་དེའི་ཐོག་བསླབ་བྱ་དང་མིག་དཔེ་བསྟན་དགོས། བསམ་བློ་དང་ཆོད་སེམས་དེའི་ཐོག་མུ་མཐུད་ལག་ལེན་དུ་འཁེལ་བར་འབད་བརྩོན་བྱས་ཏེ། རིམ་པས་ཁྱིམ་མཚེས་གཡས་གཡོན་གྱི་ཁྲོད་དུའང་ལག་ལེན་དུ་བསྟར་རྒྱུ་དང་། དེ་ནས་ཕ་སྐད་གཙང་མའི་ལག་བསྟར་འདི་ཉིད་གྲོགས་པོ་གྲོགས་མོ་དང་ལས་རོགས། དེ་ནས་སྤྱི་ཚོགས་ཁྲོད་ལག་བསྟར་བྱེད་རྒྱུ་དེ་ཡིན།

དེང་གི་དུས་སུ་ཕ་སྐད་གཙང་མའི་སྤྱི་ཚོགས་ཡོང་བར་གདོང་ལེན་བྱེད་དགོས་ས་གཙོ་བོ་གསུམ་སྟེ། བོད་ཕྱི་ནང་གཉིས་ཀར་བོད་མི་མང་ཚོགས་རྣམས་མི་རིགས་གྲངས་མང་བའི་ཁྲོད་དུ་ཡོད་པས། གྲངས་མང་གི་སྐད་ཡིག་ཁྱབ་བརྡལ་ཆེ་བ་ཡོད་པ་གཞན་དབང་སྟབས་བསྟུན་ཡིན་ཡང་། བོད་མི་སྤྱི་སྒེར་གཉིས་ཀའི་ངོས་ནས་བོད་མི་ཚོ་རུག་རུག་མཉམ་སྡོད་ཡོང་བར་འབད་བརྩོན་གནང་གལ་དང་གཅིག  བོད་ཀྱི་སྐད་ཡིག་ནང་དེང་དུས་ཀྱི་ཤེས་ཡོན་དང་ཚན་རིག འཕྲུལ་ཆས་དང་གྱོན་ཆས། འགྲུལ་འཁོར་དང་ཅ་དངོས། རྩེད་རིགས་དང་ཟས་རིགས་ལ་སོགས་པའི་ཐ་སྙད་འདང་ངེས་མེད་པ་དངོས་འབྲེལ་ཡིན་ཡང་འགྲུབ་མ་ཐུབ་པའི་གནད་དོན་གཅིག་མིན་པས།  གཞུང་ཕྱོགས་ནས་ལས་དོན་འདི་ཉིད་གལ་ཆེ་དོན་ཆེན་དུ་བརྩིས་ནས་ཛ་དྲག་ཐོག་མཁོ་ཆེ་བའི་ཐ་སྙད་རྣམས་འཕྲལ་དུ་གསར་བཟོ་གནང་དགོས་པ་དང་། དེ་བཞིན་གཞུང་སྒེར་ཡོངས་ནས་ཐ་སྙད་དེ་ཚོ་སྦྱོང་སྤྱོད་སྤེལ་གསུམ་གནང་གལ་དང་གཉིས། བོད་མི་ནང་ཁུལ་བོད་སྐད་གཙང་མ་བརྒྱབ་ན་གོ་བརྡ་མ་འཕྲོད་པའམ་འཕྲོད་ཀྱི་མ་རེད་བསམ་པའི་ཐེ་ཚོམ་དྲྭ་བ་མེད་པར་བཟོ་བར་བོད་མི་ནང་ཁུལ་བོད་སྐད་གཙང་མ་གང་ཐུབ་རྒྱག་པར་འབད་བརྩོན་གནང་དགོས་གལ་བཅས་ཡིན།

ང་ཚོ་བོད་མི་ཚང་མས་སོ་སོའི་རྒྱལ་ཁབ་དང་དེའི་རྒྱལ་རབས་ལོ་རྒྱུས། དབུ་ཁྲིད་དང་མི་རིགས། ཆོས་དང་རིག་གཞུང་། རྒྱལ་དར་དང་ཆས་གོས་ལ་སོགས་པ་ཡོངས་ལ་ཆེ་མཐོང་དང་གཅེས་པོ་གང་འདྲ་གནང་གི་ཡོད་པ་དེ་བཞིན་སོ་སོའི་སྐད་ཡིག་ལའང་གནང་ཚེ། དེས་མི་རིགས་ཀྱི་ངོ་བོ་རྒྱུན་རིང་བར་སྲུང་སྐྱོབ་བྱེད་ཐུབ་པར་ཐེ་ཚོམ་མེད། འདས་པའི་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་ཀྱི་ངོ་བོ་དེ་བོད་མི་རིགས་ཀྱི་སྐད་ཡིག་གིས་སྲུང་སྐྱོབ་བྱས་ནས་གནས་ཡོད། གལ་ཏེ་སྐད་ཡིག་གིས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡོད་ན། མི་རིགས་གཅིག་གི་ངོས་ནས་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ངེས་གཅིག་ཡིན། དེ་མིན་ང་ཚོའི་མི་རིགས་འདི་ཆང་ལན་ཆུ་འཇལ་བྱེད་མཁན་གྱི་མི་རིགས་ཤིག་ཏུ་འགྱུར་བ་ཡིན།

ང་ཚོས་ས་ཆ་འཕྲོག་མཁན་ལ་ངོ་རྒོལ་བྱས་ནས་ས་ཆ་ཚུར་རག་ཐབས་བྱེད་ཀྱི་ཡོད། རྒྱལ་དར་སྒྲེང་མ་བཅུག་པར་ངོ་རྒོལ་བྱས་ནས་སྒྲེང་ཐུབ་པ་བྱེད་ཀྱི་ཡོད། གཅེས་པའི་བུ་ཕྲུག་བཙན་ཁྲིད་ཀྱིས་བཙོན་འཇུག་བྱས་ན་ཁྲིམས་ཐོག་ནས་གློད་བཀྲོལ་ཡོང་ཐབས་ལ་འབད་ཀྱི་ཡོད། ཁྱིམ་ནས་དངུལ་དང་ནོར་བུ་རིན་ཆེན་རིགས་རྐུན་མར་ཤོར་ཚེ་ཉེན་རྟོག་པའི་བརྒྱུད་ནས་ཚུར་རག་ཐབས་བྱེད་ཀྱི་ཡོད། གང་ལྟར་སོ་སོའི་མཐོང་རྒྱུ་དང་འཛིན་རྒྱུ་ཡོད་པའི་རིགས་གང་ཡིན་ཡང་གཞན་གྱིས་འཕྲོག་དུས་འཕྲལ་དུ་འབད་པ་དང་ཚོར་བ་རྣོ་པོའི་ཐོག་ནས་ཚུར་རག་ཐབས་བྱེད་ཀྱི་ཡོད།

འོན་ཀྱང་སོ་སོའི་མིག་དང་རྣ་བའི་འོག་ལ་ཡོད་པའི་ལྕེ་ནས་སྐད་ཡིག་གཞན་ཞིག་གིས་བོད་སྐད་ཀྱི་ཐོབ་ཐང་དང་གོ་ས་འཕྲོག་དུས། ང་ཚོ་ཚང་མ་ལོང་བ་དང་འོན་པ་ལྟ་བུ་གནས་ན་འགྲིག་གམ། ང་ཚོས་སྣང་མེད་ཀྱིས་སོ་སོའི་ཕ་སྐད་ཀྱི་གོ་ས་དང་ཐོབ་ཐང་སྐད་ཡིག་གཞན་ཞིག་གིས་འཕྲོག་བཅུག་ན་འགྲིག་གམ། ང་ཚོའི་ཕ་སྐད་ཀྱིས་ང་ཚོར་རྒྱུན་རིང་ནས་ང་སྐྱོབ་རོགས་ཞེས་འབོད་སྒྲ་མུ་མཐུད་སྒྲོག་བཞིན་ཡོད་པར་ང་ཚོའི་བཟང་པོའི་ཡ་ལན་མ་སྤྲད་ན་འགྲིག་གམ། བྱེད་སྟངས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོའི་དྲང་བདེན་གྱི་མངོན་འདོད་ལ་ཡ་ལན་མ་སྤྲད་པ་དང་གཅིག་མཚུངས་མིན་ནམ། མཐོང་རྒྱུ་དང་འཛིན་རྒྱུ་ཡོད་པའི་དངོས་པོ་གཞན་གང་འཕྲོག་ཀྱང་། དེ་དག་ཚུར་རག་ཐབས་བྱེད་པ་ལ་སོ་སོར་རྒྱུ་དཔལ་འབྱོར་རམ། ཁྲིམས་དང་དཔུང་སོགས་ཀྱི་ནུས་པ་དགོས་ངེས་ཡིན་ཡང་། སོ་སོའི་ལྕེའི་རང་དབང་ངམ་ཕ་སྐད་ཀྱི་རང་དབང་སྲུང་སྐྱོབ་བྱེད་པ་ལ། ཕྱིའི་ནུས་པ་ལས་ནང་གི་ནུས་པ་སེམས་ཀྱི་ཆོད་སེམས་བརྟན་པོ་གཅིག་པུས་སྲུང་སྐྱོབ་བྱེད་ཐུབ་ཀྱང་། དེ་ལྟར་མི་བྱེད་དོན་ཅི་ཡིན་ནམ།

བོད་རིགས་སྤུན་ཟླ་ཡོངས་ལ་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཐེངས་བཅུ་དགུ་པར་འཚམས་འདྲི་ཞུ་བ་དང་སྦྲགས། ཉིན་མོ་འདི་ཉིད་རྒྱལ་སྤྱིའི་ངོས་ནས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་སྲུང་བརྩི་ཞུ་བའི་སྐབས། བོད་མི་གཞུང་སྒེར་ཡོངས་ནས་བོད་ཀྱི་སྐད་ཡིག་ཉིན་མོ་ཞེས་ཡོངས་གྲགས་སུ་སྲུང་བརྩི་ཞུས་ན་ཅི་མི་ལེགས། བོད་མི་རིགས་ཀྱི་ངོ་བོ་བོད་ཀྱི་སྐད་ཡིག་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བའི་རེ་སྨོན་ཞུ།། །།

Share this:
༡༥༤ ཀློག་གྲངས།