རྒྱ་མིའི་སེམས་ནང་གི་༧གོང་ས་མཆོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༦  ཕྱི་ལོ་ ༢༠༡༨/༢ /༡༤

ཉེ་ཆར་རྒྱལ་སྤྱིའི་ནང་སྐད་གྲགས་ཡོད་པའི་འཇར་མན་གྱི་གྲགས་ཅན་རླངས་འཁོར་མཱེར་སེ་ཌེ་སི་(Mercedes Benz)ཚོང་ལས་ཁང་གིས་རླངས་འཁོར་ཁྱབ་བསྒྲགས་ཐོག་༧གོང་ས་མཆོག་གིས་ལེགས་བཤད་ཐུང་ངུ་ཞིག་བཀོད་པ་ལ་བརྟེན་ནས། རྒྱ་མི་རིགས་ཀྱི་ནང་ནས་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་འཇར་མན་གྱི་བཟོ་ཚོང་ཁང་དེ་ནས་ཡོངས་ཁྱབ་ཀྱིས་དགོངས་སེལ་ཞུས་པའི་གནས་ཚུལ་ཞིག་ཐོན་ཡོད་པ་རེད། ༧གོང་ས་མཆོག་གི་ལེགས་བཤད་དེ་ཡང་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན་པར། “གནས་སྟངས་ཚང་མར་ཕྱོགས་ཡོངས་ནས་བལྟས་ཚེ། ད་གཟོད་ཁྱེད་རང་གུ་ཇེ་ཡངས་ཆགས་ཀྱི་རེད།”ཅེས་གསུངས་ཡོད་པ་དེ་ཁོ་ན་ཡིན་པ་རེད། ཚོང་ལས་ཁང་དེའི་བཟོད་གསོལ་གྱི་ཡི་གེའི་ནང་ཚད་ལས་བརྒལ་བའི་ཚིག་ཁ་ཤས་བྲིས་འདུག་ཀྱང་། དེ་ནི་ཚོང་དང་ཁེ་བཟང་ཁོ་ན་དོན་དུ་གཉེར་བའི་ཚོང་ལས་ཁང་ཞིག་གིས་ཁྲོམ་ར་ཆེ་ཤོས་ཡིན་པའི་རྒྱ་ནག་ལ་བསྟུན་མཁས་བྱས་པར་ཚད་གཞི་དམིགས་བསལ་ཞིག་མེད་ཀྱང་ཧ་ལས་དགོས་དོན་མེད།

རྒྱ་མི་མང་པོ་ཞིག་གིས་བཟོ་ཚོང་ཁང་དེར་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་རིགས་ཀྱི་སྤྱི་ཚོགས་ནང་དགའ་མོས་ཆེ་ཤོས་གྲས་ཀྱི་རླངས་འཁོར་དེའི་ཚོང་ལས་ལ་གནོད་སྐྱོན་འགྲོ་ངེས་སུ་མཐོང་ནས། བཟོད་གསོལ་གྱི་ནང་དུ་“ང་ཚོའི་ཚོང་ལས་ཁང་གིས་རྒྱལ་སྤྱིའི་རང་བཞིན་ཐོག་བཀོལ་སྤྱོད་བྱེད་བཞིན་པའི་སྤྱི་ཚོགས་དྲ་རྒྱའི་ནང་། ཤིན་ཏུ་ནོར་འཁྲུལ་ཅན་གྱི་ཡི་གེ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་ད་ནངས་ང་ཚོས་ཤེས་རྟོགས་བྱུང་། དེར་ང་ཚོས་ཁ་ཞེ་གཉིས་མེད་ངང་ནས་དགོངས་དག་ཞུ་བཞིན་ཡོད།”ཅེས་དང་། “ང་ཚོས་གང་མགྱོགས་ཅི་མགྱོགས་ངང་ཁྱབ་བསྒྲགས་དེ་བསུབ་ཟིན་ཡང་། དེས་ང་ཚོའི་ལས་རོགས་རྣམས་ཐེ་བའི་རྒྱ་ནག་ནང་གི་མི་མང་ཚོའི་སེམས་ཁམས་ལ་གནོད་སྐྱོན་ག་ཚོད་བཟོས་ཡོད་མེད་ང་ཚོས་གསལ་པོ་ཤེས་སོང་། དེ་ལ་ང་ཚོས་ཁ་ཞེ་གཉིས་མེད་ངང་ནས་བཟོད་གསོལ་ཞུ་བཞིན་ཡོད་”ཅེས་འཁོད་ཡོད་པ་རེད། གལ་སྲིད་པ་བོད་པར་ཡང་གྲངས་ཅན་རླངས་འཁོར་དེ་ཉོ་མཁན་གྱི་ཁྲོམ་ར་རྒྱ་ཆེན་པོ་ཡོད་ན་བཟོ་ཚོང་ཁང་དེས་ཁྱབ་བསྒྲགས་དེ་ཕྱིར་འཐེན་དང་བཟོད་གསོལ་གྱི་ནང་དུ་དེ་ལྟར་འགོད་མི་སྲིད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བཤད་ན་ཚོང་ལས་ཁང་ཁག་གི་དམིགས་ཡུལ་གཙོ་བོ་ཁེ་བཟང་ཡིན་པས་དེ་ལྟར་བྱེད་མི་སྲིད་པ་ཞིག་མིན་ཡང་། རྒྱ་གཞུང་གི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རྒྱ་མི་རིགས་ཀྱི་བསམ་བློའི་ནང་དུ་༧གོང་ས་མཆོག་ལ་ལྟ་སྟངས་དེ་ནི་ཧ་ཅང་གི་བློ་ཕམ་དགོས་པ་དང་ཉེན་ཁ་ཅན་ཞིག་ཏུ་གྱུར་ཡོད། རྒྱ་རིགས་བསམ་ཚུལ་འདོན་མཁན་ཞིག་གིས་“གལ་ཏེ་ཁྱེད་རང་ལ་རྒྱ་ནག་གི་ཁྲོམ་ར་དགོས་ན་བཟོད་གསོལ་ཞུ་རོགས། ཏཱ་ལའི་བླ་མའི་ཚིག་སྤྱོད་རྒྱུ་དེ་གདམ་ག་ཡག་པོ་ཞིག་མ་རེད། གལ་སྲིད་ང་ཚོའི་ཁྱབ་བསྒྲགས་ནང་ཧི་ཏྲི་ལེར་གྱི་ཚིག་སྤྱད་ན་ཁྱོད་རང་ཚོས་ག་རེ་བསམ་ས་རེད།”ཅེས། ༧གོང་ས་མཆོག་ཧི་ཏྲི་ལེར་དང་དཔེ་བཞག་པ་དེ། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པ་རྣམས་ཀྱིས་གསལ་པོ་ཤེས་དགོས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་པ་ནང་ཁུལ་དུ་ཡིད་ཆེས་བློ་གཏད་བྱེད་མི་ཐུབ་ཀྱང་། རྒྱ་མི་རིགས་ལ་མ་འོངས་པར་རེ་བ་བཅོལ་ཆོག་པའི་ལྟ་ཚུལ་འཛིན་མཁན་དག་གིས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་ཡོད་སྙམ།

ད་དུང་རྒྱ་རིགས་འབྲེལ་མཐུད་པའི་མིང་ཁུར་ནས་ཡུལ་གྱར་རྒྱ་མི་ཁག་ཅིག་དང་མཉམ་དུ་ཡང་ཡང་ཐུགས་སྤྲོ་གཏོང་མཁན་དག་གིས་ཀྱང་། གནད་དོན་འདི་དག་གི་སྐོར་བོད་པའི་སྤྱི་ཚོགས་ནང་བཤད་མི་སྲིད་པ་ལྟ་བུ་ཡིན་ལ། གལ་སྲིད་རྒྱ་རིགས་སྤྱི་དང་ལྷག་པར་དུ་རྒྱ་ནག་གི་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་ལྟ་ཚུལ་འདི་ལྟ་བུ་ཡིན་པ་ཡོངས་གྲགས་ཀྱིས་བརྗོད་ན། དུས་རྒྱུན་ཁོང་རྣམ་པས་བཤད་པའི་སྐད་ཆ་དང་རྒྱབ་འགལ་དུ་གྱུར་ཡོད་པས་རེད། དོན་དངོས་སུ་མ་འོངས་པར་བོད་སྤྱིའི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་དང་གདེང་ཚོད་ཧ་ཅང་ཕྲ་རུ་གྱུར་ཟིན་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དང་རྒྱ་ནག་ཏུ་ཞབས་སོར་འཁོད་རྒྱུ་གཅིག་པུའི་ཐོག་ནས་ཀྱང་རེ་བ་རྒྱག་འོས་པའི་གནས་ཚུལ་ཞིག་ཧ་ཅང་དཀའ་བར་སྣང་། བོད་རིགས་མི་མང་སྤྱི་དང་ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་རྒྱ་གཞུང་གིས་བོད་ཀྱི་གནད་དོན་སྤྱི་དང་། བྱེ་བྲག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྟ་སྟངས་ངན་པ་གང་ཡོད་པ་དང་། སྐུར་འདེབས་བྱེད་པའི་གནས་ཚུལ་འདི་དག་ཤེས་དགོས་ངེས་རེད།

བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་དུ་དབུ་མའི་ལམ་བརྒྱུད་ནས་བོད་དོན་ཐག་གཅོད་བྱེད་རྒྱུའི་ལངས་ཕྱོགས་འཛིན་དགོས་པ་དང་། རང་བཙན་གྱི་ལངས་ཕྱོགས་འཛིན་པ་ནི་ཁ་བྲལ་པ་དང་། ༧གོང་ས་མཆོག་གི་བཀའ་མི་བརྩི་མཁན་ཡིན་ཚུལ་ཡང་ཡང་བསྒྲགས་མཁན་རྣམས་ཀྱིས། དབུ་མའི་ལམ་གྱི་ལྟ་ཚུལ་འཛིན་མཁན་ནང་ཕན་ཚུན་དུའང་དགྲ་ནག་པོ་ཞིག་གི་འདུ་ཤེས་ལས་མེད་པར་འཐབ་རྩོད་བྱེད་བཞིན་པའི་སྐབས་འདིར་ཡང་། རྒྱ་གཞུང་ལ་དབུ་མའི་ལམ་བརྒྱུད་ནས་འབོད་སྐུལ་ཞུས་ན་རེ་བ་ཆེན་པོ་ཞིག་ཡོད་ཚུལ་ཡང་ཡང་བརྗོད་བཞིན་ཡོད། ལྷག་པར་དུ་རྒྱ་མི་རིགས་དེ་ང་ཚོའི་རྒྱབ་ཏུ་ལངས་ཡོད་པ་དང་། ང་ཚོའི་དགྲ་བོ་ནི་རྒྱ་ནག་སྲིད་གཞུང་ཁོ་ན་ཡིན་པའི་བསྒྲགས་གཏམ་དག་ལའང་དོན་གྱིས་གཞི་འཛིན་ས་ག་ཚོད་ཙམ་ཡོད་མེད་གནས་སྟངས་འདི་དག་གི་ཐོག་ནས་བལྟས་ཀྱང་རོབ་ཙམ་རྟོགས་ཐུབ་པ་ཞིག་རེད། མ་འོངས་པར་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ལས་ཕྱི་དགྲ་རྒྱ་དམར་དྲག་གཞུང་དང་དེ་ལ་ཡིད་ཆེས་བྱེད་པའི་རྒྱ་མི་རིགས་ལ་དོགས་ཟོན་ངེས་པར་དུ་བྱེད་དགོས་པ་ཞིག་ཏུ་གྱུར་མི་འདུག་གམ།།

Share this:
༦༧ ཀློག་གྲངས།