མེ་སྐྱོན་རྗེས་ཀྱི་ཇོ་བོའི་འདྲ་བརྙན་ཁག་ཅིག་ཏུ་ཅི་ཞིག་ཚང་མིན་ལ་བལྟ་བ།

རྩོམ་པ་པོ། Robert Barnett   མ་རྩོ་མ།

སྒྱུར་བ་པོ། རྫ་སྲས་བདེ་ཆེན།

གཅིག
ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་ཤིན་ཧྭ་གསར་འགྱུར་སྟེང་། ཇོ་ཁང་ནང་དུ་ཡོད་པའི་རིག་དངོས “དྲུག་སྟོང་ལྔ་བརྒྱ་བཅུ་”ཡི་གང་ལའང་མེ་སྐྱོན་བྱུང་མེད་པར་བརྗོད། འོན་ཀྱང་། གནས་ཚུལ་གཞན་ཞིག་གི་ནང་དུ། དངོས་སུ་མཐོང་མཁན་གྱི་མི་ཞིག་ལ་ཁུངས་བཅོལ་ཏེ། ཇོ་བོའི་སྐུ་ལ་མེ་སྐྱོན་བྱུང་མེད་ཀྱང་། ཇོ་བོའི་དབུ་རྒྱན་མེ་ཡིས་བཞུས་ཤིང་། ན་བཟའ་ལ་སྐྱོན་ཤོར་བར་མ་ཟད། ཉེ་འཁོར་གྱི་སྐུ་བརྙན་དང་། དངོས་རྫས་ལ་མེ་སྐྱོན་ཚབས་ཆེན་ཐེབས་ཡོད་པར་བརྗོད།

གཉིས།
གོང་སྨྲས་གནས་ཚུལ་དེར། ཇོ་ཁང་ལ་མེ་ཤོར་རྗེས་ཇོ་ཁང་ནང་གི་གྲྭ་བ་ཚོས་མཚན་གང་བོར་ཇོ་བོ་གཙང་བཟོ་བྱས་ཤིང་། སྔ་དྲོར་འདྲ་པར་ལེན་པའི་གྲ་སྒྲིག་གི་ཆེད་དུ། ན་བཟའ་གསར་པ་བསྒྲོན་པ་དང་། ཉེ་འཁོར་གྱི་མེ་སྐྱོན་ཤོར་ས་རྣམས་སྦེད་བྱེད་ཆེད་གོས་ཆེན་གྱི་ཡོལ་བ་འཐེན་པར་བརྗོད། ཤིན་ཧྭ་གསར་ཁང་དང་དངོས་སུ་མཐོང་མཁན་གྱི་མི་(མིང་མི་གསལ་) འདི་གཉིས་ཀྱི་གང་ཞིག་ཁུངས་ལྡན་ཡིན་ནམ།

གསུམ།
ང་ཚོས་ད་དུང་ཏན་ཏན་ཞིག་བཤད་མི་ཐུབ་ནའང་། གཞུང་འབྲེལ་གྱི་འདྲ་པར་གཅིག་དང་སྤྱི་ཚོགས་དྲྭ་རྒྱར་ཁྱབ་པའི་འདྲ་བརྙན་བཞི་ཙམ་ལ་བལྟས་ན། ང་ཚོས་ཅི་ཞིག་མ་ཚང་བ་མཐོང་ཐུབ། འདྲ་བརྙན་འདི་དག་མེ་སྐྱོན་གྱི་རྗེས་ནས་བླངས་བར་བསྙད་ཅིང་། འདི་དག་ལས་ཇོ་བོའི་སྐུ་བརྙན་གསལ་ལ། དམིགས་ཡུལ་ནི་ཇོ་བོའི་སྐུ་ལ་སྐྱོན་མེད་པ་སྟོན་རྒྱུ་དེ་རེད།

བཞི།
ཟླ་གཉིས་པའི་ཚེས་བཅོ་བརྒྱད་ལ་བརྒྱབ་པའི་གཞུང་འབྲེལ་གྱི་འདྲ་པར་ནང་དུ། ཇོ་བོའི་སྐུ་རྒྱབ་ནས་ལི་མདོག་གི་ན་བཟའ་དང་། གོས་ཆེན་གྱི་ཡོལ་བ་སེར་པོ་མངོན་ལ། མེ་སྐྱོན་མ་བྱུང་སྔོན་དུ་བླངས་པའི་འདྲ་པར་དང་བསྡུར་ན། ཇོ་བོའི་སྐུ་རྒྱབ་ཏུ་ཡོད་པའི་ནམ་རྒྱན་གྱི་བརྐོ་རིས་དང་། ཇོ་བོའི་གཡས་གཡོན་གྱི་སྐུ་བརྙན། ད་དུང་སྐུའི་ཟུར་གྱི་ཀ་བ་བཅས་མི་སྣང་བར་གྱུར་ཡོད་པ་མཐོང་འོང་།

ལྔ།
ཚོན་མདོག་གསུམ་གྱིས་མཐའ་བརྒྱན་པའི་དབུ་རྒྱན་རྙིང་པ་དེ་མེ་སྐྱོན་མ་བྱུང་སྔོན་གྱི་བདུན་ཕྲག་འགའི་སྔོན་ལ་མཐའ་རྒྱན་སྔོན་པོ་ཅན་གྱི་དབུ་རྒྱན་གསར་པ་དང་མགུལ་རྒྱན་གསར་པ་ཞིག་ལ་བརྗེས་སྒྱུར་བྱས་ཡོད། མེ་སྐྱོན་རྗེས་ཀྱི་འདྲ་པར་ནང་དུ་མགུལ་རྒྱན་གསར་པ་དེ་མུ་མཐུད་བསྒྲོན་འདུག་མོད། འོན་ཀྱང་། དབུ་རྒྱན་རྙིང་པ་དེ་གསོལ་འདུག

དྲུག
མེ་སྐྱོན་གྱི་རྗེས་སུ་བླངས་བའི་འདྲ་པར་ཞིག་ཏུ། ཇོ་བོའི་སྐུ་རྒྱབ་ཀྱི་རས་ཡོལ་སེར་པོ་དེ་སྣང་ལ། ཇོ་བོའི་ཟུར་གྱི་སྐུ་བརྙན་རྣམས་མི་མངོན་ཡང་། གཡས་ཕྱོགས་སུ་ཀ་བ་ཞིག་གསར་དུ་མངོན། མེ་སྐྱོན་སྔོན་གྱི་འདྲ་པར་དུ་ཀ་བ་དེའི་ངོས་སུ་རིན་པོ་ཆེའི་ཕྲ་རྒྱན་མང་དུ་སྣང་ནའང་། མེ་སྐྱོན་རྗེས་ཀྱི་འདྲ་པར་དུ་དེ་དག་མི་སྣང་བར་གྱུར་ཡོད།

བདུན།
གཞུང་འབྲེལ་མིན་པའི་སྐད་འཕྲིན་གྱི་བརྙན་ཐུང་ཞིག་གི་ནང་དུ། ན་བཟའ་མ་གསོལ་བའི་ཇོ་བོའི་སྐུ་བརྙན་གསལ་ཞིང་། གཞུང་འབྲེལ་གྱི་འདྲ་པར་ནང་དུ་ཇི་ལྟར་གསལ་བ་ལྟར། སྐུ་རྒྱབ་ཀྱི་རས་ཡོལ་སེར་པོ་དང་། མཐའ་རྒྱན་སྔོན་པོ་ཅན་གྱི་དབུ་རྒྱན་རྙིང་པ་དེ་མངོན་ལ། བརྙན་དེའི་ནང་དུ་གྲྭ་བ་གཉིས་ཀྱིས་ཇོ་བོའི་སྐུ་ལ་ཚོན་བསྐྱར་དུ་བྱུགས་པའམ། ཡང་ན་གསེར་རྩི་སྐོ་བཞིན་འདུག འདི་ནི་རྒྱུན་ལྡན་མ་ཡིན་པ་ཞིག་མིན་ནའང་། འདི་ཡིས་ཇོ་བོའི་སྐུའི་ཕྱི་ངོས་ལ་སྐྱོན་ཞིག་ཤོར་ཡོད་པའི་བསམ་ཚུལ་སྟེར།

བརྒྱད།
འབྱུང་ཁུངས་མི་གསལ་ཡང་། “མེ་སྐྱོན་གྱི་རྗེས་” སུ་བླངས་བར་བརྗོད་པའི་བརྙན་ཞིག་ཏུ། དབུ་རྒྱན་རྙིང་པ་གསོལ་ཞིང་། ན་བཟའ་བསྒྲོན་མེད་པའི་ཇོ་བོའི་སྐུ་བརྙན་ཞིག་མངོན། འོན་ཏང་། དེ་རུ་བརྐོ་རིས་ངོ་མ་རྣམས་དང་། ཇོ་བོའི་གཡས་གཡོན་གྱི་སྐུ་བརྙན། རིན་པོ་ཆེའི་ཕྲ་རྒྱན་ཅན་གྱི་ཀ་བ། ད་དུང་གནས་མཇལ་བྱེད་མཁན་གྱི་མི་ཚོགས་བཅས་གསལ་ཞིང་། འདི་ནི་མེ་སྐྱོན་མ་བྱུང་སྔོན་ལ་བླངས་པ་ཞིག་རེད་འདུག་པས། བརྙན་ཐུང་གི་འགྲེལ་བརྗོད་དེ་རྫུན་མ་རེད།

དགུ
གོང་སྨྲས་ཀྱི་བརྙན་ཐུང་དེས་གནས་ཚུལ་ལོག་འགྲེལ་བྱེད་ཅིང་། འདྲ་བརྙན་གཞན་བཞི་ནི། ཇོ་བོ་ལ་མེ་སྐྱོན་མེད་པ་དང་གཞན་མེ་སྐྱོན་ཤོར་བ་རྣམས་སྣང་མེད་དུ་བཞག་ནས་མི་དམངས་ཀྱི་སེམས་ཁམས་བདེ་ལ་འབེབས་པར་བྱེད་པའི་སྐྱོ་གར་ཞིག་གི་ཆ་ཤས་རེད། འདྲ་བརྙན་འདི་དག་ནི། གནས་ཚུལ་དངོས་སུ་མཐོང་མཁན་གྱི་མི་དེས་ཇི་ལྟར་བཤད་པ་ལྟར། ལྷ་ཁང་གཙོ་བོའི་ནང་གི་དངོས་རྫས་རྩ་ཆེན་རྣམས་ལ་མེ་སྐྱོན་ཤོར་ཡོད་པར་བརྗོད་པ་དེའི་དཔང་རྟགས་སུ་གྱུར་ཡོད།

 

Share this:
༦༤༨ ཀློག་གྲངས།