གནད་དོན་གསུམ་དེ་ཚང་ན་རང་ལུས་མེར་སྲེག་གཏོང་དགོས་པར་མཐོང་ཞེས་གསུངས་སོང་།

བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྲིད་དབང་སྒེར་གཅོད་ཡོད་པ་དང་། སྲིད་དབང་སྒེར་གཅོད་ལ་ངོས་ལེན་མི་བྱེད་པ། སྲིད་དབང་སྒེར་གཅོད་ལ་ཡོ་སྲང་མི་བྱེད་པ་བཅས་ཀྱི་གནད་དོན་གསུམ་ཚང་ན། རྩ་དོན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་གི་བྱ་བར་འཇུག་དགོས་པར་མཐོང་སྐོར་སེར་བྱེས་གཙང་པ་ཁང་ཚན་གྱི་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། སེར་བྱེས་གཙང་པ་ཁང་ཚན་གྱི་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོངས་ཏེ། འཚོག་ལ་ཉེ་བའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ལ་དགོས་འདུན་དང་། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཐོག་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ་ཞིག་ཁྱབ་པ་དེའི་ཐོག་ལ་གསལ་བསྒྲགས་ཤིག་སྤེལ་སོང་།

སྐབས་དེར་ཁོང་གིས་འདི་ལོའི་ཕྱི་ཟླ་༢ པའི་ཕྱི་ཚེས་༩ ཉིན་སྐད་འཕྲིན་ཐོག་“ཉེ་སྔོན་ནས་བཟུང་སྲིད་དབང་སྒེར་གཅོད་དང་ཕྱོགས་ཁག་དཔུང་སྒྲིལ་སོགས་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཞིག་མཐོང་ཐོས་ཡོང་དུས་བསམ་བློ་ལན་མང་བཏང་བས་རང་ལུས་མེར་སྲེག་གི་བྱ་བར་འཇུག་དགོས་པ་འདྲ་ཞིག་མཐོང་། གང་ལྟར་གནད་དོན་གསུམ་ཚང་ན་རྩ་དོན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་གི་ལས་འགུལ་ཡོད་དགོས་པར་མཐོང་། གནད་དོན་གསུམ་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་དབང་འཛིན་པའི་ཁྲོད་དུ། སྲིད་དབང་སྒེར་གཅོད་ཡོད་པ་དང་། སྲིད་དབང་སྒེར་གཅོད་ལ་ངོས་ལེན་མི་བྱེད་པ། སྲིད་དབང་སྒེར་གཅོད་ལ་ཡོ་སྲང་མི་བྱེད་པ་གསུམ་ཡིན། རྩ་དོན་གྱི་དམིགས་ཡུལ་གཅིག་ནི་བཙན་བྱོལ་སྒྲིག་འཛུགས་ནང་དུ་སྲིད་དབང་སྒེར་གཅོད་ཀྱི་མགོ་བོ་ཏོག་ཙམ་ཡང་འབུར་ས་མེད་པ་བཟོ་རྒྱུ་དེ་རེད། དམིགས་ཡུལ་གཅིག་དེ་ང་ཚོ་ཚང་མའི་ཁེ་ཕན་གྱི་ཆེད་དུ་ཡིན། གནད་དོན་གསུམ་དེ་ཡོད་མེད་ཕྱོགས་ཚང་མས་བསམ་བློ་རྣལ་དུ་ཕབ་ནས་བརྟག་དགོས་པ་ལས་འགན་ཡིན།”ཞེས་སྤེལ་ཡོད་སྐོར་གསུངས་སོང་།

ཁོང་གིས་གསར་འགོད་སྒྲོགས་སྦྱང་ཞུས་སྐབས་ “འདས་ལོའི་ཕྱི་ཟླ་༡༡ པའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁོང་གིས་སྲོག་ཤིང་བྱས་པའི་བཀའ་ཤག་གིས་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གི་ལས་གནས་མཇུག་བསྡུས་ཤིང་དེ་འབྲེལ་གྱི་གཏམ་བཤད་དང་གསལ་བཤད་སྤེལ་བ་ལས། དོན་གཅོད་སྤེན་ཚེའི་འདས་པའི་མི་ལོ་༢༠ ལྷག་གི་རང་གཤིས་ལ་འགྱུར་བ་ཕྱིན་ཚུལ་དང་ལོ་རྒྱུས་ཀྱི་དེབ་ཐེར་སྟེང་མི་བུ་ནག་ཅན་ཞིག་ཏུ་ཐོན། དེ་ལ་བརྟེན་ནས་སྲིད་སྐྱོང་མཆོག་ལ་ཧ་ཅང་གིས་དགའ་ཞེན་དང་ཡིད་ཆེས་ཞུ་མཁན་རྣམས་ཀྱི་སེམས་ནང་དུ་དོན་གཅོད་སྤེན་ཚེ་ནི་མི་ནག་ཅན་ཞིག་རང་ཡིན་པའི་ཡིད་ཆེས་སྐྱེེས་ཤིང་། ཁོང་ནག་ཅན་ཡིན་པ་དེ་ནི་གཞུང་འབྲེལ་གྱི་དཔང་རྟགས་དང་བཅས་པ་ཞིག་ཀྱང་རེད་སྙམ་བཞིན་ཡོད། མ་ཟད་ད་ལྟའི་གྱེན་རྒོལ་དང་འགལ་ཟླའི་འབྱུང་གཞི་ཡང་དོན་ཟུར་སྤེན་ཚེ་ཁོ་ཉག་གཅིག་ཡིན་སྙམ་གྱི་ཡོད་པ་རེད། རྗེས་སུ་དོན་ཟུར་སྤེན་ཚེས་གསལ་བཤད་དཔང་ཡིག་དང་བཅས་པ་གསལ་སྟོན་མཛད་ཀྱང་དེའི་སྐོར་གཞུང་འབྲེལ་གྱི་གཏམ་བཤད་དང་ཡིག་ཆ་ཁག་ཏུ་མེད་ཅིང་། ཐ་ན་སྲིད་སྐྱོང་གི་དང་བཀའ་ཤག་གིས་འདིའི་ཐད་བདེན་མི་བདེན་སྦྲང་སྐད་ཙམ་ཡང་མེད་པའི་གང་ཟག་ཁེར་རྐྱང་གི་གཏམ་བཤད་ཅིག་ཏུ་གྱུར། འོན་ཀྱང་དེས་སྤྱི་ཚོགས་ལ་གཡོ་འགུལ་ཆེན་པོ་སྤྲད་ཡོད་”ཅེས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྲིད་དབང་སྒེར་གཅོད་དང་ལྐོག་གཡོའི་གནས་ཚུལ་ཐོན་ཏེ། སྤྱི་ཚོགས་ཀྱི་སྣེ་ཁྲིད་ཐུབ་པའི་མི་སྣ་ནག་བཟོའི་གནས་ཚུལ་དང་། ཞུ་འབོད་གྱེན་རྒོལ། འཁོན་སེམས་ཀྱི་གནོན་ཤུགས་སོགས་སྐྱོ་གནས་སྣ་མང་བྱུང་ཡོད་སྐོར་དང་། རྒྱུ་རྐྱེན་སྣ་མང་དང་སྟོབས་ཤུགས་ལྡན་པས་བསྐྲུན་པའི་ཕྱོགས་གཉིས་ཀྱི་འགལ་ཟླའི་འཕེལ་རྒྱས་གཏིང་ཇེ་ཟབ་དང་ཇེ་བརྟན་དུ་གྱུར་པ་ནི་ཤིན་ཏུ་ནས་སྐྱོ་གནས་ཞིག་ཡིན་སྐོར་བརྗོད་སོང་།

དེ་བཞིན་ཁོང་གིས་གསལ་འགོད་གསལ་བསྒྲགས་སྐབས། བོད་མིའི་མང་གཙོ་ནི་༧སྐུ་མདུན་སྐུ་གོང་མའི་སྐབས་ནས་དབུ་འཛུགས་གནང་ཞིང་། ༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མི་ལོ་བཅུ་ཕྲག་མང་པོའི་རིང་འབད་བརྩོན་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཁར། གཞིས་བྱེས་མི་མང་གི་རེ་ལྟོས་བཅོལ་ཡུལ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་༡༥༠ ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་སྐུ་ལུས་མེ་ལྕེར་བསྒྲོན་སྐབས་དུར་ཁུང་ནས་རེ་བའི་སྤྱན་ཟུང་གཏད་སའི་སྲིད་གཞུང་ཁྱད་པར་བ་ཞིག་ཡིན་སྟབས། མཐོ་རིམ་དབང་འཛིན་པས་གང་བྱུང་བྱེད་དབང་མེད་པ་ཞིག་དང་། བྱེད་མི་རུང་བ་ཞིག་ཡིན་ཡང་། གོང་གསལ་གྱི་སྐྱོ་གནས་རྣམས་ནི་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་འབྲེལ་ནས་བྱུང་ཡོད་པ་མ་ཟད། གནད་དོན་དེ་ཐག་གཅོད་ཡག་པོ་ཡོང་རྒྱུའི་ཚབ་ལ་ཕྱོགས་འཐེན་དཔུང་སྒྲིག་གི་འཐབ་རྩོད་བརྒྱུད་དཀར་ནག་གོ་ལྡོག་གི་ཐག་གཅོད་ཐོག་ལ་འགྲོ་རྒྱུའི་ཉེན་ཁ་ཐོན་བཞིན་ཡོད་སྐོར་བརྗོད་སོང་།

གཞན་ཡང་ཁོང་གིས་དཀའ་རྙོག་སེལ་ཐབས་ཀྱི་སྐོར་ལ་བརྗོད་དོན་དུ།“གནད་དོན་འདི་ཚོ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུའི་སྐུ་དབང་ཡོངས་སུ་རྫོགས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གོང་ཞུས་ཀྱི་ཁྱད་ཆོས་ལྡན་པའི་ང་ཚོའི་སྲིད་གཞུང་འདི་སྲུང་སྐྱོབ་བྱེད་མཁན་ལ་འཕགས་མཆོག་ཕྱག་ན་པདྨོས་ཕྱུགས་རྫི་ལྟ་བུར་མངགས་པ་ཞིག་དང་། བོད་ཆོལ་གསུམ་རྒྱལ་ཡོངས་མི་མང་གིས་སྐུ་ཚབ་ཏུ་མངགས་པའི་ཕ་མ་ལྟ་བུའང་ཡིན། ཡིན་ནའང་། ཁོང་རྣམ་པས་རང་འཁྲིའི་འགན་ཁུར་ཚད་ལྡན་མི་ཞུ་བའམ་ངན་རྒྱབ་དཔུང་སྒྲིག་སོགས་ལྡོག་ཕྱོགས་ཀྱི་བྱ་འགུལ་འཐོན་ཚེ། གོང་ཞུས་ཀྱི་རིན་ཐང་ལ་བརྩི་བཀུར་ཞུ་ཐབས་བྲལ་བ་ཞིག་ཆགས་ཀྱི་རེད།”ཅེས་དང་། “༧གོང་ས་མཆོག་སྐུ་འཚོ་བཞེས་ཀྱི་སྐབས་འདིར་གོང་བཀོད་ཀྱི་གནད་དོན་དེ་ཙམ་ཞིག་ལ་ང་ཚོས་གདོང་ལེན་ཞུ་མི་ཐུབ་ན། འབྱུང་འགྱུར་ཁོང་མ་བཞུགས་པའི་སྐབས་ཤིག་ཤར་ཚེ་ང་ཚོ་ལ་ཇི་འདྲའི་གནས་ཚུལ་ཡོང་ངམ། སྐུ་མདུན་སྐུ་གོང་མ་དགོངས་པ་རྫོགས་མཚམས་ཀྱི་གནད་དོན་ལ་དྲན་སྐུལ་བྱེད་དགོས། དུས་རབས་གོང་མའི་ལོ་རབས་༤༠ གོང་གི་༧རྒྱལ་པན་གཉིས་ཀྱི་སྐྱོ་གར་ལ་བསམ་གཞིག་ཡང་ཡང་བྱས་ནས་མ་འོངས་པའི་ཁ་ཕྱོགས་བརྟན་པོ་ཞིག་འཛུགས་དགོས། སྐྱོ་གར་དེ་དག་ནི་བླ་མའི་ཞབས་གྲས་སུ་རློམ་པའི་དཔོན་ངན་རུལ་སུངས་ཅན་རྣམས་ཀྱི་ལྐོག་གཡོའི་བྱ་ངན་བརྟེན་ནས་བྱུང་ཡོད། གོང་དུ་ཞུས་ཟིན་པའི་གནད་དོན་དང་རེ་སྐུལ་རྣམས་ལ་རྒྱ་ཆེའི་མང་ཚོགས་ཚང་མས་དགོངས་བཞེས་གཟབ་ནན་གནང་རོགས།”ཞེས་དང་ “གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་བཀུར་འོས་སྤྱི་འཐུས་རྣམ་ལའང་གསལ་འདེབས་ཞུ་རྒྱུ་ཞིག་ལ། གོང་ཞུས་ལྟར་རང་ཉིད་ལ་ཕྱུགས་རྫི་ལྟ་བུ་དང་ཕ་མ་ལྟ་བུར་འཛིན་པའི་མཚན་གནས་རྗེས་འབྲེལ་ཡོད་པ་དེའི་ཆེ་མཐོང་ལ་རང་སྲུང་ཐུབ་པ་དང་རང་འཁྲིའི་འགན་ཆ་ཚང་བཞེས་ཐུབ་པའི་གསོལ་འདེབས་ཞུ་བཞིན་ཡོད། དེ་ལྟར་མ་བྱུང་ཚེ་མཇུག་འབྲས་ངན་པ་ལྷག་ན་འགན་འཁྲི་སུ་ཞིག་ལ་བབ་མིན་ཐུགས་ལ་མངའ་བར་ཞུ།”ཞེས་བརྗོད་སོང་།

སླར་ཡང་ཁོང་གིས་“རྙོག་གྲ་ཟམ་མ་ཆད་པར་འབྱུང་གཞི་གཙོ་བོ་གསུམ་དེ་གང་ཟག་སྒེར་གཅིག་ལ་མཚོན་ན། རང་ཉིད་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དགའ་བ། རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་མི་བྱེད་པ། རང་ཉིད་ཀྱི་ནོར་འཁྲུལ་ལ་ཡོ་བསྲང་མི་བྱེད་པ་གསུམ་རེད། དེ་འདྲ་གང་ན་ཡོད་པའི་སྤྱི་ཚོགས་དེར་ལྷིང་འཇགས་ཡོང་ངམ། མི་དེ་རིགས་ཀྱི་སེམས་ནང་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་བརྩི་མཐོང་ག་འདྲ་ཞིག་ཡོད་དམ། ཁོང་ཚོ་ལ་ངོ་ཚ་ཁྲེལ་གཞུང་ཟེར་བ་ཡོད་དམ། དེར་བརྟེན་ང་ཚོས་ཐབས་ལམ་མ་ནོར་བར་བྱེད་དགོས། ད་ལྟ་ང་ཚོས་མཐོང་བཞིན་པའི་འཇིགས་སུ་རུང་བའི་སྤྱི་ཚོགས་ཀྱི་རྙོག་གྲ་འདི་ཕྱོགས་ཡོངས་ནས་གཙང་མ་གཙང་རྐྱང་བཟོ་བའི་ནུས་པ་དང་དབང་ཚད། ཞེ་འཁོན་གྱི་རྙོག་གྲ་རྒྱུན་མ་ཆད་པར་འཇོག་རྒྱུ་གཉིས་ཀྱི་གདམ་ག་དེ་ད་ལྟ་འཚོག་ལ་ཉེ་བའི་གྲོས་ཚོགས་ཀྱི་ཚོགས་ཆེན་ཁོ་ན་ལ་ཡོད་པ་ལས་གཞན་སུ་ལ་ཡང་མེད།”ཅེས་དང་། དོན་གཅོད་འཕོ་འགྱུར་གྱི་དཀའ་རྙོག་ཐོག་༧གོང་ས་མཆོག་གི་བཀའ་སློབ་ཕེབས་ན་བསམ་མཁན་ཡོད་ཀྱང་། དེ་ནི་བསམ་ཚུལ་ནོར་བ་ཞིག་ཡིན་ཞིང་གནད་དོན་དེའི་ཐོག་༧གོང་ས་མཆོག་གི་བཀའ་སློབ་མ་གསུང་ན་ཡག་པ་ཡོད་སྐོར་ཡང་བརྗོད་སོང་།

དེ་བཞིན་ཁོང་གིས་དེ་སྔོན་ཕྱི་ལོ་༢༠༠༦ ལོར་༧གོང་ས་མཆོག་ནས་དོལ་རྒྱལ་གྱི་སྐོར་ལ་ཛ་དྲག་གི་ལམ་སྟོན་གནང་སྐབས། དེའི་ཕྱིར་དུ་ལས་འགུལ་ཞིག་སྤེལ་རྒྱུ་སེམས་སུ་དམ་བཅས་པ་བཞིན། འཇིགས་ཉེན་ལ་མ་འཛེམས་པར་ཕྱི་ལོ་༢༠༠༧ ལོར་ཕྱི་ཟླ་༡༡ པའི་ནང་བློས་གཏོང་ཆེན་པོ་དང་པོ་དེ་བྱས་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ཐོག་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་དངོས་སུ་འགོ་བཙུགས་པ་ཐུབ་བྱུང་ནས་ལས་འགུལ་ལ་གྲུབ་འབྲས་སོན་བྱུང་སྐོར་དང་། དེ་བཞིན་དོལ་རྒྱལ་གྱི་གནད་དོན་དདང་འབྲེལ་བའི་ཐོག་བློས་གཏོང་ཆེན་པོ་གཉིས་པ་ཞིག་ཀྱང་བྱས་ཡོད་སྐོར། གདན་སའི་དགེ་བའི་བཤེས་གཉེན་དང་མཁན་པོ་རྣམས་ཀྱིས་ད་ཐེངས་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐོག་ནས་མི་གཞན་གྱིས་ཁོང་ལ་ཤུགས་རྐྱེན་ཐེབས་ཡོད་ས་རེད་དགོངས་ནས་ཁོང་ལ་སློབ་གསོ་ཁ་ཏ་བྱུང་ཡང་། དེ་ལྟར་མིན་པར་རང་བསམ་གྱི་ཐོག་ནས་དམིགས་ཡུལ་ཞིག་གི་ཆེད་དུ་ཡིན་པ་ཞིབ་ཕྲའི་འགྲེལ་བརྗོད་བྱས་ཟིན་སྐོར་སོགས་བརྗོད་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

 

Share this:
༤༠༦༦ ཀློག་གྲངས།