དྷ་སར་རླངས་རྫའི་འབར་རྫས་ཀྱི་དོན་རྐྱེན་ཁ་གསལ་ཆགས་མི་འདུག

ཉེ་ཆར་དྷ་སར་རླངས་རྫའི་འབར་རྫས་ཀྱིས་ཁང་བརྩེགས་གཉིས་གཏོར་རྩིས་བྱས་པའི་གནས་ཚུལ་ཐོག་དཔྱད་གཞི་བྱེ་བྲག་པ་གང་ཡང་ད་ཕན་རག་མེད་སྐོར་རྒྱ་གར་ཉེན་རྟོག་པས་བརྗོད་སོང་།

ཉེ་ཆར་དྷ་ས་གངས་སྐྱིད་ཀྱི་ཉེ་འཁྲིས་གནས་ཆུང་དགོན་པའི་མར་ཞབས་བོད་པ་སྡོད་གནས་ཀྱི་ཁང་བརྩེགས་གཉིས་ཀྱི་ཁང་མིག་འོག་མའི་ནང་། རླངས་རྫ་ཡི་འབར་རྫས་བཞག་པའི་གནད་དོན་བྱུང་ཡོད་སྟབས། གནས་ཚུལ་དེ་སུས་བྱས་མིན་སོགས་རྩད་གཅོད་བྱུང་ཐུབ་མིན་སྐོར་ཟླ་འདིའི་ཚེས་༢༧ ཉིན་འདི་གའི་གསར་འགོད་པས་དྷ་ཤོད་ཀྱི་ཉེན་རྟོག་ཁང་ལ་དྲིས་པར། ཁོང་གིས་“གནད་དོན་དེའི་ཐོག་ང་ཚོས་རྩད་གཅོད་ཞིབ་ཚགས་པོར་བྱེད་བཞིན་ཡོད་ཀྱང་། ད་བར་ང་ཚོར་དཔྱད་གཞི་བྱེ་བྲག་པ་གང་ཡང་རག་མ་བྱུང་། ཁང་བདག་དང་ཁང་པ་གླ་ནས་སྡོད་མཁན་སུ་གང་གིས་དོགས་པ་ཟ་ས་མི་འདི་ཡོད་ཟེར་བ་ཞིག་དང་། ཅ་དངོས་འདིས་བཞག་སོང་ཟེར་མཐོང་མཁན་གཅིག་ཀྱག་མི་འདུག་”ཅེས་དྷ་ཤོད་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་(SHO) སུ་ནིལ་ཀུ་མར་གྱིས་བརྗོད་སོང་། དེ་བཞིན་ཁོང་གིས་ཅ་དངོས་རྣམས་ལ་བརྟག་དཔྱད་བྱས་རྗེས་ཚ་གློག་དེ་དྷ་སའི་ཁུལ་ལ་བཙོང་རྒྱུ་མེད་པ་ཞིག་ཡིན་སྟབས་དེ་ནི་ཕྱི་ལོགས་ནས་ཁྱེར་ཡོང་བ་ཞིག་ཡིན་པ་དང་། ལས་དོན་དེ་སྤེལ་མཁན་སུ་ཞིག་ཡིན་མིན་དང་རྒྱུ་མཚན་ཅི་ཞིག་གི་ཕྱིར་དུ་ཡིན་མིན་ད་ལྟ་གསལ་པོ་བྱུང་ཐུབ་མེད་ཀྱང་རྩད་ཞིབ་བྱེད་མུས་ཡིན་པ། ཅ་དངོས་འཇོག་སྟངས་ལ་བརྟག་ན་ཁང་པ་གཏོར་རྩིས་བྱས་པ་གསལ་པོ་ཡིན་པ་དང་། རླངས་རྫའི་འབར་རྫས་འཇོག་སའི་ཁང་མིག་གཅིག་ནང་བོད་པ་ཞིག་དང་གཞན་དེའི་ནང་དབྱིན་ཇི་བ་ཞིག་སྡོད་ཀྱི་ཡོད་ཀྱང་། གནས་ཚུལ་བྱུང་བའི་དགོང་མོ་དེར་ཁོང་གཉིས་ཀ་ནང་ལ་མེད་སྐོར་བཅས་བརྗོད་སོང་།

དེ་ཡང་། ཟླ་འདིའི་ཕྱི་ཚེས་༢༣ ཉིན་རླངས་རྫའི་འབར་རྫས་བཞག་སའི་ཁང་པ་དེའི་ནང་དུ་སྡོད་མཁན་གྱི་རོགས་པ་བུད་མེད་ཅིག དགོང་མོ་དེར་ཁང་པ་དེའི་ནང་འགྲོ་སྐབས་རླངས་རྫ་གསུམ་དང་རྡོ་སྣུམ་ལེ་ཊིར་ལྔ་མཉམ་དུ་ཚ་གློག་སྤར་ནས་བཞག་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་རྗེས་མོས་གཡས་གཡོན་ལ་བལྟ་དུས་ཉེ་འཁྲིས་ཀྱི་ཁང་བརྩེགས་གཞན་དེའི་ཁང་མིག་འོག་མའི་ནང་དུ་ཡང་རླངས་རྫ་དང་རྡོ་སྣུམ་མཉམ་དུ་ཚ་གློག་བཞག་ཡོད་པ་མཐོང་སྟེ་ཉེན་རྟོག་པ་སྐད་བཏང་ནས་ལྟ་དུས་ཉེན་རྟོག་པས་ཧ་ཅང་ཛ་དྲག་ཏུ་བརྩིས་ཏེ། དེའིི་དགོང་མོ་དང་ཕྱི་ཉིན་མར་ཉེན་རྟོག་པ་མཐོ་གྲས་མང་པོ་སླེབས་ནས་ལྟ་ཞིབ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་རླངས་རྫའི་འབར་རྫས་འཇོག་མཁན་དེ་ཁང་པ་གཉིས་ཀའི་སྒེ་ཁུང་གཏོར་ནས་ནང་དུ་འཛུལ་ཏེ། རླངས་རྫའི་འབར་གས་ཀྱི་ཐོག་ནས་ཁང་པ་གཏོར་རྩིས་བྱས་པ་ཞིག་ཡིན་སྐོར་བརྗོད་སོང་ལ། ཁང་བརྩེགས་དེ་གཉིས་ནང་ཕྱི་མི་གཅིག་ལས་ཚང་མ་བོད་པ་ཡིན་པ་དང་། ཁང་བདག་རྒྱ་གར་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Share this:
༡༣༢ ཀློག་གྲངས།