བཀའ་ཁྲི་འདེམས་པ་ལས་བཀའ་ཁྲིའི་འོས་འགན་གཏན་ལ་་ཕབ་རྒྱུ་གལ་ཆེ།

དམངས་གཙོ་རྒྱལ་ཁབ་ནི་སྒེར་གཅོད་རིང་ལུགས་པའམ་སྲིད་དབང་སྒེར་འཛིན་པའི་ཏག་ཏག་ལྡོག་ཕྱོགས་ཞིག་རེད།   དེ་ནི་གང་ཟག་གིས་དབང་བསྒྱུར་མིན་པར་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན་དགོས།  དེ་འདྲ་བའི་རྒྱལ་ཁབ་དེ’འི་དཔོན་རིགས་ནི་ལས་བྱེད་པ་ཞིག་ཡིན་པ་ལས་དབང་འཛིན་པ་ཞིག་མིན་ལ།  རྒྱལ་ཁབ་དེའི་དཔོན་རིགས་དང་མི་མང་གཉིས་མི་མང་དབང་ཆ་ཆེ་ཞིང་དཔོན་རིགས་ཚོས་མི་དམངས་བསམ་འཆར་བསྟུན་ཏེ་རྒྱལ་ཁབ་ཀྱིས་ལས་དོན་ཐག་གཅོད་བྱེད་པ་ལས་ཆེས་མཐོའི་སྲིད་འཛིན་དང་དཔོན་རིགས་ཆེ་ཆུང་ཅི་འདྲ་ཞིག་ཡིན་ཡང་རང་ཉིད་སྣང་བ་གང་དྲན་གྱིས་སྲིད་དབང་སྒེར་གཅོད་བྱེད་ཀྱི་མེད་པ་དང་།  དཔེར་ན།  སྔོན་ཆད་དབྱིན་ཇིའི་མངའ་འོག་ཏུ་ཤར་ནུབ་ཀྱི་རྒྱལ་ཁབ་ལྔ་བཅུ་ང་བཞི་ཙམ་ཚུད་པ་ཞིག་རེད།   སྐབས་དེར་རྒྱལ་ཁབ་དེ་དག་གིས་མི་མང་ཚོས་དྲང་བདེན་འཐབ་རྩོད་ཅིག་གི་འོག་དབྱིན་ཇིའི་འོག་ནས་ཐར་ནས་རང་བཙན་ཐོབ་ཡོད།   དེའི་ཁོངས་སུ་ང་ཚོས་ད་ལྟར་སྐྱབས་བཅོལ་སའི་རྒྱལ་ཁབ་ཨིན་ཊི་ཡག་ཀྱང་ཡོད་པ་མ་རེད་དམ།   རྒྱལ་ཁབ་དེ་དག་རང་དབང་ཐོབ་རྗེས commonwealth དཔལ་འབྱོར་མཉམ་འབྲེལ་གྱི་རྒྱལ་ཁབ་ཟེར་བའི་ཚོགས་པ་དེ་བཙུགས་པ་ཡིན་ལ།  མི་རུང་བར་རྒྱ་གར་གྱི་ནང་དུ་རྩེད་འགྲན་གཟུགས་རྒྱུའི་འཆར་གཞི་བསྟན་ཟིན་པ་རེད།  གལ་སྲིད་རྒྱལ་ཁབ་དེ་དག་དབྱིན་ཇིའི་འོག་ཏུ་ཡོད་སྐབས་དབྱིན་གཞུང་དེ་དམར་ཕྱོགས་པ་ཞིག་ཡིན་ན་མི་རིགས་ལྔ་བཅུ་ང་ལྔའི་དབྱིན་ཇི་སྤྱི་མཐུན་རྒྱལ་ཁབ་ཅེས་མིང་རྫིག་པོ་འདྲ་ཞིག་བཏགས་ནས་ད་ལྟའང་དབྱིན་ཇིའི་འོག་ཏུ་བཤུས་གཞོགས་དང་གཉའ་གནོན་འོག་ཀྲུང་གོའི་མངའ་ཁོངས་སུ་མི་རིགས་ལྔ་བཅུ་ང་དྲུག་ལྟར་གནས་ཡོད་པ་ཤོད་མི་དགོས་པ་ཞིག་རེད།  དེ་བཞིན་རྒྱ་གར་དམངས་གཙོ་ཅན་འདིའང་དེང་སང་བཞིན་ཞི་བདེ་བག་ཕབ་ངང་འཛམ་གླིང་གི་རང་དབང་ཅན་གྱི་རྒྱལ་རྒྱལ་ཁབ་ཀྱི་རིགས་སུ་མི་གཏོགས་ལ་ང་ཚོ་བོད་པ་ལའང་སྐྱབས་བཅོལ་གཞུང་འདི་ལྟར་བཙུགས་ཏེ་རྒྱ་གར་གྱི་ནང་དུ་ཡོང་ཐུབ་ཡོད་མེད་ཀྱང་སུས་ཤེས།  བྱས་ཙང་།   ཕྱོགས་ཡོངས་ལ་ཞིབ་བསྡུར་གྱིས་བརྟགས་ཤིང་དཔྱད་པའི་སྒོ་ནས་རྩོམ་ཡིག་སྤེལ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ཀྱི་སྐུལ་ལྕགས་བླ་ན་མེད་པ་ཞིག་ཡིན་ལ་རྒྱལ་ཁབ་དེའི་མི་མང་གི་ཀླད་པའི་གོ་རྟོགས་མཐོར་འདེགས་བྱེད་མཁན་གྱི་དགེ་བའི་བཤེས་གཉེན་ལྟ་བུ་ཞིག་ཀྱང་ཡིན་ནོ།།

དེས་ན་ད་ལྟའི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་འདིས་ཀྱང་མངའ་འོག་ཏུ་གཏོགས་པའི་མི་རིགས་ལྔ་བཅུ་ལྷག་བཤད་ཀྱང་མང་ཆེ་བ་ནི་རྒྱ་ནག་དང་འདྲེས་ནས་དེང་སང་མི་རིགས་ཀྱི་རྣམ་པ་མི་འདྲ་བ་འབུར་དུ་ཐོན་པའི་ཁྱད་ཆོས་མི་མངོན་པའི་དབྱིངས་སུ་ཐིམ་ཟིན།  གཙོ་ཆེ་ཤོས་གྲངས་ཉུང་མི་རིགས་ཀྱི་ནང་དུ་ཤིང་ཅང་དང་།  སོག་པོ། བོད་པ་བཅས་ཀྱིས་དབུ་ཁྲིད་དེ་དམངས་གཙོ་རྩོད་སྒྲུབ་ཅིག་བྱས་པ་ཡིན་ན།   རྒྱ་ནག་ཧན་མི་རིགས་དང་མན་ཇུ་མི་རིགས་སོགས་ཀྱི་ནང་ནས་ཀྱང་དམངས་གཙོ་ལ་དགའ་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པས།   སོ་ནམས་མི་ཤེས་གྲོང་པར་ལྟོས།།  ཞེས་པ་ལྟར་ངས་རྒྱ་ནག་གི་མི་མང་ཤེས་ཡོན་ཅན་མི་ཉུང་བ་ཞིག་དང་བསམ་ཚུལ་བསྡུར་ལེན་བྱས་ཏེ་ཕུགས་རྒྱང་རིང་བའི་ལྟ་ཚུལ་ཞིག་བཤད་ཡོད།   སྐབས་གསུམ་པའི་བཀའ་ཁྲི་འདེམས་པ་ལས་བཀའ་ཁྲིད་ཀྱི་འོས་འགན་གཏན་ལ་ཕབ་རྒྱུ་གལ་ཆེ།  དེ་ཡང་༸གོང་ས་མཆོག་གིས་རྒྱུན་དུ་དམངས་ཁྲོད་ལ།  རེ་བ་བཟང་ས་ནས་བྱོས།  །གྲ་སྒྲིག་སྡུག་ས་ནས་བྱོས།  །ཞེས་གསུངས་པ་ལྟར།  བོད་མི་རིགས་ཀྱི་ལས་དབང་ལ་སེམས་ཁུར་དང་།   ཇུས་གཏོགས་མང་ཙམ་བྱས་ན་མ་གཏོགས་སྡེ་པ་གཞུང་གིས་ཆབ་སྲིད་སྡེ་སྲིད་མགོ་ལེབ་ཀྱིས་བྱེད་ཀྱིས་རེད་དེ་ལས་ང་ཚོས་ཆུང་འཐུང་དང་ཟེར་བ་ལྟ་བུ་སྔོན་ཆད་ཡིན་ན་ཡག་པོ་བརྩིས་ཀྱིས་ཡོད་ཀྱང་།  དེང་སང་ང་ཚོའི་མི་རབས་སམ་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་རུ་དེ་ལྟར་བྱེད་པ་ནི་མི་རིགས་ཀྱི་ལ་རྒྱ་མེད་ཅིང་རྒྱལ་ཁབ་ལ་དགའ་ཞེན་མེད་པའི་མི་གླེན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག  སྔོན་ཆད་སྲིད་འཛིན་ཆེན་མོ་ཧྥུག་ཅིང་ཐོའོས་ལྷ་ས་ནས་ཡོང་བའི་སྐུ་མགྲོན་ནང་མ་ཞིག་ལ།   དེང་སང་བོད་པ་མི་མང་ཚོས་ག་རེ་བྱེད་བསྡད་ཀྱི་འདུག་ཅེས་དྲིས།  སྐུ་མགྲོན་ནང་མ་དེས་དེང་སང་བོད་པའི་མི་མང་ཚོས་ཆང་འཐུང་ནས་བསྡད་འདུག་ཅེས་ཞུས།   སྲིད་ཆེན་མོ་དགྱེས་བཞིན་དུ་ད་བྱས་ན་འགྲིགས་པ་རེད་ང་ལ་སེམས་འཁྲལ་མི་འདུག་ཅེས་གསུངས་མྱངས་པ་རེད་ཟེར།   བྱས་ཙང་སྔོན་ཆད་ལྟར་རྒྱལ་ཁབ་དང་མི་མང་གི་ཆེད་དུ་གང་ཡང་མི་སྙམ་པར་སྐྱིེད་ཉལ་བྱས་ཏེ་བསྡད་ན་དགྲ་དགའ་གཉེན་སྡུག་ལས་ཕན་ཐོགས་གང་ཡང་མེད་པ་སྲིད་འཛིན་ཧྥུག་ཅིང་ཐོའོའི་བཀའ་མོལ་ལས་རྟོགས་ཐུབ་པ་ཞིག་མ་ཡིན་ནམ།

སྤྱི་ལོ་༢༠༡༠ཟླ་༠༧ཚེས་༢༨དགོང་མོ་ཕྱག་ཚོད་༤པ་ཐོག་བྲིས།


 

Share this:
༩༦ ཀློག་གྲངས།