ལྷ་སའི་ཇོ་བོ་དང་བོད་མིའི་དད་འདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༧  ཕྱི་ལོ་ ༢༠༡༨/༢ /༢༡

བོད་རབ་གནས་ས་ཁྱི་ལོའི་ལོ་སར་ཚེས་༢ དང་ཕྱི་ཟླ་༢ ཚེས་༡༧ ཉིན་གྱི་དགོང་མོ་ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་ཤོར་བའི་འདྲ་པར་དང་བརྙན་ཐུང་ཁག་གང་མང་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པ་དང་། བོད་ཕྱི་ནང་གཉིས་ནས་དེ་ལ་དོ་སྣང་དང་སེམས་འཚབ་བྱེད་མཁན་ཧ་ཅང་མང་པོ་ཞིག་བྱུང་ཞིང་། ཁ་ཤས་ཀྱིས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ན་མི་ལེགས་ཚུལ་དང་། ཕྱོགས་གཞན་ཞིག་ནས་ཁྱབ་བསྒྲགས་དགོས་ཚུལ་སོགས་ཚ་ཚ་འུར་འུར་གྱིས་རྩོད་གླེང་ཤུགས་ཆེན་པོ་བྱས་སོང་། ཡང་ཁག་གཅིག་གིས་མེ་སྐྱོན་ཤོར་ས་དེ་ཇོ་ཁང་མ་ཡིན་པར་དེའི་འཁྲིས་ཀྱི་ལྷ་ཁང་ཆུང་བ་ཞིག་རེད་ཅེས་དང་། ཡང་ཁག་ཅིག་གིས་ཇོ་ཁང་ལ་མེ་སྐྱོན་གཏན་ནས་ཤོར་ཡོད་པ་མ་རེད་ཅེས་སོགས་གནས་ཚུལ་འདྲ་མིན་མང་པོ་ཞིག་ཁྱབ་སོང་། གནས་ཚུལ་དེར་ཕྱོགས་གང་ས་ནས་གླེང་སློང་ཤུགས་ཆེན་པོ་དེ་ལྟར་ཡོང་དགོས་དོན་ཡང་། ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་ཡིད་བཞིན་ནོར་བུ་ནི་བོད་མི་རིགས་ཀྱི་སེམས་ནང་ཆེས་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་རྣམ་པ་གསལ་པོ་ཕྱིར་མངོན་པ་ཞིག་རེད།

བོད་མི་རིགས་ཀྱི་སེམས་ནང་དུ་ལྷ་སའི་ཇོ་བོ་རིན་པོ་ཆེའི་ཞལ་མཇལ་ཙམ་ཐོབ་པའི་ཆེད་དུ་སྲོག་ཤོར་བའི་ལོ་རྒྱུས་མང་པོ་ཡོད་ལ། ལྷག་པར་དུ་མདོ་ཁམས་ཕྱོགས་ནས་ལོ་རྒྱུས་ནང་རྐང་ཐང་གིས་ཇོ་བོ་མཇལ་དུ་སོང་བའི་ལོ་རྒྱུས་དང་། དཀའ་ཚེགས་ཀྱི་བརྒྱུད་རིམ་དག་ཡིད་སྐྱོ་ཞིང་ཉན་སྤྲོ་བའི་གཏམ་རྒྱུད་མང་པོ་ཞིག་རྒན་པོ་དག་གི་ངག་ན་གོ་རྒྱུ་ཡོད། མདོ་ཁམས་ཕྱོགས་ནས་དབུས་ཉི་མ་ལྷ་སར་ཇོ་བོ་མཇལ་བར་མཉམ་དུ་སོང་བའི་ལམ་གྲོགས་ལ་དབུས་གྲོགས་ཞེས་སྤུན་མཆེད་ལྟ་བུར་བརྩི་བའི་ལུགས་སྲོལ་ད་དུང་ཡང་མ་ཉམས་པར་གནས་ཡོད། ད་ལྟའི་ཆར་འགྲིམ་འགྲུལ་སྟབས་བདེ་བས་མདོ་ཁམས་ཕྱོགས་དང་ས་ཐག་རིང་ཐུང་གང་ས་ནས་ལྷ་སའི་ཇོ་བོ་མཇལ་མ་མྱོང་བའི་བོད་པ་ནི་ཅུང་དཀོན་པ་ལྟ་བུར་ངོས་འཛིན་བྱས་ཀྱང་མི་འགྲིག་པ་ཨེ་ཡོད་སྙམ། དེར་བརྟེན་ལྷ་སའི་ཇོ་བོ་ནི་བོད་མི་རིགས་ཀྱི་བསམ་བློའི་ནང་ནས་ཆེས་གལ་ཆེ་ཤོས་སུ་བརྩི་བའི་དད་རྟེན་ཉག་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། དེ་ཡང་སྔོན་མེད་གསར་བྱུང་ལྟ་བུ་མ་ཡིན་པར་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་དར་བའི་ལུགས་སྲོལ་ཞིག་ཏུ་གྱུར་ཟིན།

བོད་པས་ལྷ་སའི་ཇོ་བོ་ལ་སྐུ་བརྙན་གཞན་ལས་དད་འདུན་ཆེ་བ་བྱེད་པའི་རྒྱུ་མཚན་ནི་ཆོས་ཕྱོགས་ཀྱི་དད་པ་གཙོ་བོ་ཡིན་ལ། ཕྱོགས་གཞན་ཞིག་ནས་ལྷ་སའི་ཇོ་བོ་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་མཛད་རྗེས་དང་འབྲེལ་བ་དམ་ཟབ་ཡོད་པས། བོད་བཙན་པོའི་སྐབས་ཀྱི་གནས་སྟངས་ལོ་རྒྱུས་རྗེས་དྲན་བྱེད་པའི་རིག་དངོས་ཉག་གཅིག་ཏུ་ངོས་འཛིན་བྱེད་པའི་བསམ་བློ་ཡང་གཞན་གྱིས་སློབ་མི་དགོས་པར་རང་བཞིན་ཤུགས་ཀྱིས་ཡོད་པ་ཞིག་རེད། གནས་སྟངས་འདི་དག་གི་ཐོག་ནས་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་བོད་མི་རིགས་ཀྱི་དད་འདུན་གཉིས་གཞི་གཅིག་ཏུ་འདྲེས་ནས་ཡོད་ལ། རྒྱ་དམར་དྲག་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་དང་། རིག་གནས་གསར་བརྗེ་ཞེས་པའི་སྨྱོ་སྤྱོད་ཀྱི་སྐབས་སུའང་ཇོ་བོ་རིན་པོ་ཆེ་ལ་སྐྱོན་ཆེར་མ་བྱུང་བ་ནི་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་མ་ཉམས་པའི་མངོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཆོག ཉེ་ཆར་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་ཡོད་ནའང་ཇོ་བོ་ཡིད་བཞིན་ནོར་བུར་གནོད་སྐྱོན་གང་ཡང་མ་བྱུང་བ་ནི་བོད་པའི་བསོད་ནམས་ཟད་མཐར་ཐུག་མེད་པར་ངོས་འཛིན་བྱེད་ཆོག་སྙམ།

ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་ངོ་མ་གང་ཡིན་ད་ལྟའི་ཆར་གསལ་པོ་ཤེས་རྟོགས་མ་བྱུང་ཡང་། དྲ་ཐོག་ཏུ་དུས་རྒྱུན་འུར་རྒྱག་རྒྱུར་དགའ་བའི་བོད་པ་ཁག་ཅིག་གིས་བོད་པ་ནང་ཁུལ་དུ་མཛུབ་མོ་འཛུགས་རེས་བྱེད་བཞིན་འདུག་པ་དང་། དེ་ཡང་ཉེ་ཆར་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་གསར་བརྗེ་བྱས་པ་ལ་བརྟེན་ནས་བྱུང་ཚུལ་གླེང་མཁན་ཡང་འདུག འདས་པའི་ལོ་རྒྱུས་ནང་ཇོ་བོ་རིན་པོ་ཆེ་ལ་དབུ་རྒྱན་ཐོག་མ་གསོལ་མཁན་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་གང་ཉིད་ཡིན་པ་དང་། དེའི་རྗེས་སུ་ཡང་དབུ་རྒྱན་གསར་པ་གསོལ་པའི་ལོ་རྒྱུས་མང་པོ་ཡོད་འདུག་པ་དང་། རྒྱ་གཞུང་གི་བསྒྱུར་བཅོས་སྒོ་དབྱེ་ཟེར་བ་གུ་ཡངས་ཀྱི་རྣམ་པ་ཅུང་ཙམ་བསྟན་པའི་རྗེས་སུ་ཡང་དབུ་རྒྱན་གསར་པ་གསོལ་མཁན་ཉེ་ཆར་བྱུང་བ་དེ་བརྩིས་ན་ཐེངས་མ་གསུམ་པ་དེ་ཡིན་འདུག དེར་བརྟེན་དྲ་ཐོག་གི་དཀྲོག་གཏམ་ལ་དོ་སྣང་བྱེད་རིན་དེ་ཙམ་མེད་ནའང་། མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་དུ་དབུ་རྒྱན་གསར་བརྗེ་བྱས་པའི་གནས་ཚུལ་ལ་སྒྲོ་བཏགས་པ་དེ་ནི་དོན་གྱིས་དཀྲོག་གཏམ་འབའ་ཞིག་ལས་རྒྱུ་མཚན་ཡོད་པ་ཞིག་གཏན་ནས་མིན་པ་གསལ་པོ་རེད།

མདོར་ན་རྒྱ་གཞུང་ནི་དབང་ཆ་དང་རྒྱུ་ནོར་ཁོ་ན་ལས་བསམ་རྒྱུ་མེད་པའི་དྲག་པོའི་སྲིད་གཞུང་ཞིག་ཡིན་པ་དང་། ད་ལན་གཙུག་ལག་ཁང་གི་ཕྱོགས་གཅིག་ལ་མེ་སྐྱོན་ཤོར་བའི་གོ་སྐབས་དང་སྟབས་བསྟུན་ནས་རིག་དངོས་རྙིང་པ་མང་པོ་ཞིག་རྒྱ་ནག་ཏུ་དབོར་འདྲེན་བྱེད་སྲིད་པ་དང་། ད་དུང་གཙུག་ལག་ཁང་གི་འབྲེལ་ཡོད་དང་དེའི་ནང་གི་ལས་བྱེད་རང་ཁེ་དོན་གཉེར་ཅན་ཁག་ཅིག་གིས་ཀྱང་རིག་དངོས་གསར་རྙིང་བརྗེ་མི་སྲིད་པ་མ་རེད། དེར་བརྟེན་སེམས་ཁྲལ་བྱེད་དགོས་པ་མང་པོ་ཞིག་ཡོད་པ་དང་། དབུ་རྒྱན་གསར་རྙིང་བརྗེ་བའི་སྐབས་ཀྱང་གཙུག་ལག་ཁང་གི་འབྲེལ་ཡོད་ལས་བྱེད་པ་དག་གིས་རང་ཁེ་ཁོ་ན་དོན་གཉེར་གྱིས་བོད་སྤྱི་པའི་བསམ་དོན་རྡོག་རོལ་གཏོང་མི་སྲིད་པ་མིན་ལ། སྲིད་གཞུང་གི་མགོ་ཁྲིད་པ་དང་ཁྱི་སྤྱང་ལག་སྦྲེལ་བྱས་ནས་རིག་དངོས་རྩ་ཆེན་མང་པོ་རྐུ་འཁྱེར་བྱེད་སྲིད་པའི་དོགས་པ་ནི་བོད་མི་ཚང་མས་བྱེད་ཆོག་པ་ཞིག་རེད། ལྷ་སའི་ཇོ་བོ་རིན་པོ་ཆེ་ནི་བོད་སྤྱི་པའི་ནོར་བུ་ཡིན་པ་ལས་མི་རེ་ཟུང་དང་ལྷག་པར་དུ་རྒྱ་གཞུང་ལ་བདག་པ་ཞིག་གཏན་ནས་མིན་པས་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།།

Share this:
༩༧ ཀློག་གྲངས།