༢༠༢༣ གྱི་རྗེས་སུ་མུ་མཐུད་ཞི་ཅིང་ཕིན་གྱིས་སྲིད་དབང་འཛིན་འཆར།

ཕྱི་ལོ་༢༠༢༣ ལོར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་སྲིད་འཛིན་ལས་འཁུར་དུས་ཡུན་ཡོངས་སུ་ཚང་གི་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་འཛིན་ལས་འཁུར་གྱི་དུས་ཡུན་རིང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་འདུག

སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་རྩ་ཁྲིམས་ནང་བསྟུད་མར་མི་གཅིག་གིས་ལོ་༥ རེའི་སྲིད་འཛིན་དུས་ཡུན་ཐེངས་གཉིས་ལས་བསྐྱང་རྒྱུ་མེད་པའི་ཁྲིམས་ཡོད་པ་དེ་འགྱུར་བ་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་པ་དང་། དེ་ལ་བརྟེན་ནས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་སྲིད་འཛིན་ལས་འཁུར་གྱི་དུས་ཡུན་གཉིས་ཀ་རྫོགས་རྗེས་ད་དུང་མུ་མཐུད་སྲིད་འཛིན་དུ་བསྡད་ཐུབ་ཀྱི་ཡོད་པ་རེད་འདུག

དེ་སྔོན་རྒྱ་ནག་དམར་ཤོག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩ པའི་མཇུག་ཏུ། ཞི་ཅིང་ཕིན་སྲིད་འཛིན་དུས་ཡུན་ཐེངས་གཉིས་པར་བདམས་ཐོན་བྱུང་བ་ཡོངས་བསྒྲགས་བྱེད་སྐབས། དེ་སྔོན་གྱི་སྲིད་འཛིན་གཞན་རྣམས་དང་མི་འདྲ་བར་ཞི་ཅིང་ཕིན་གྱི་རྗེས་འཇུག་པ་སུ་ཞིག་ཆགས་མིན་གྱི་གསལ་ཁ་གཏན་ནས་མེད་སྟབས། ཆབ་སྲིད་དཔྱད་བརྗོད་པ་ཚོས་༢༠༢༣ གྱི་རྗེེས་སུ་ཞི་ཅིང་ཕིན་གྱིས་མུ་མཐུད་སྲིད་དབང་འཛིན་རྒྱུའི་ཐབས་ཤེས་འཐེན་སྲིད་སྐོར་གྱི་ཚོད་དཔག་བྱུང་ཡོད་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་༡༩ པའི་མཇུག་ཏུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐོག་ཞི་ཅིང་ཕིན་གྱི་བསམ་བློ་ཞེས་ཞི་ཅིང་ཕིན་གྱི་མིང་དངོས་སུ་སྨྲོས་ཏེ་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་ཡོད་པ་དང་། དེ་ནི་མའོ་ཙེ་ཏུང་གི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ལས་ཐོག་སྐབས་མིང་དངོས་སུ་སྨྲོས་པའི་ཐོག་ནས་རྩ་ཁྲིམས་སུ་བཀོད་པ་དང་པོ་དེ་ཆགས་ཡོད་སྟབས། ཞི་ཅིང་ཕིན་ནི་མའོ་རྗེས་སུ་བྱུང་བའི་དབང་ཤུགས་ཆེ་ཤོས་ཀྱི་སྲིད་འཛིན་ཞིག་ཡིན་པར་གྲགས་ཡོད་པ་རེད། དེ་སྔོན་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་ཡི་དུས་སུ་མཚོན་བྱེད་གསུམ་གྱི་དགོངས་དོན་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཞེས་རྩ་ཁྲིམས་ནང་འགོད་སྐབས་སྲིད་འཛིན་སོ་སོའི་མིང་དངོས་སུ་སྨྲོས་མེད་པ་དང་། ཏི་ཞའོ་ཕིང་གི་རིག་པའི་གཞུང་ལུགས་ཞེས་རྩ་ཁྲིམས་ནང་ཏིང་གི་མིང་དངོས་སུ་བཀོད་ཡོད་འདུག་ཀྱང་དེ་ནི་ཕྱིས་སུ་བཀོད་པ་ཞིག་ཡིན་པ་རེད།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམས་པེ་ཅིང་དུ་ཚོགས་འདུ་འཚོགས་ཀྱི་ཡོད་འདུག་ཅིང་། རྒྱ་ནག་དམར་ཤོག་ཚོགས་པས་བཏོན་པའི་གྲོས་འཆར་དེར་ཕྱི་ཟླ་༣ པའི་ཚེས་༥ ཉིན་འཚོག་རྒྱུའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ངོས་ལེན་ཐོབ་དགོས་ཀྱི་ཡོད་སྐོར་འདུག དེ་བཞིན་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནང་། འགྱུར་བ་དེ་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གྱི་ལས་འཁུར་དུས་ཡུན་དེ་ཁོང་གི་མི་ཚེ་ཧྲིལ་པོར་ཆགས་རྒྱུའི་དོན་མིན་སྐོར་འཁོད་ཡོད་འདུག

གཞན་ཡང་ཞི་ཅིང་ཕིན་གྱི་སྲིད་འཛིན་དུས་སྐབས་ནང་དཔལ་འབྱོར་གྱི་སྒྲོམ་གཞི་བསྐྱར་བཅོས་དང་། རུལ་སུངས་ལ་རྒོལ་རྡུང་། རྒྱལ་ཞེན་རིང་ལུགས་བསྐྱར་གསོ། འགྲོ་བ་མིའི་ཐོབ་ཐང་ལ་རྒོལ་རྡུང་བྱེད་པ་བཅས་ལ་ཤུགས་བརྒྱབ་ཡོད་སྐོར་འདུག

རྒྱ་ནག་ནང་མི་གཅིག་གིས་སྲིད་འཛིན་དུས་ཡུན་ཐེངས་གཉིས་དང་། ལོ་༡༠ རེ་ལས་ལྷག་སྲིད་དབང་བསྐྱངས་མི་ཆོག་པའི་ལམ་ལུགས་དེ་ཕྱི་ལོ་༡༩༩༠ ནང་བྱུང་ཡོད་པ་དང་། དེ་ཡང་མའོ་ཡི་དུས་སྐབས་དང་། མའོ་ཡི་དུས་སྐབས་རྫོགས་མ་ཐག་ཏུ་བྱུང་བའི་ཟིང་འཁྲུག་རྣམས་བསྐྱར་དུ་མི་ཡོང་བའི་ཕྱིར་དུ་ཏིང་ཞའོ་ཕིང་གི་སྐབས་སུ་བཟོས་པ་ཞིག་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༧༩༩ ཀློག་གྲངས།