བོད་མི་དྭངས་མ་ཞིག་འབྱུང་འགྱུར་གྱི་བཀའ་ཁྲིར་འདེམས་དགོས།

རྩོམ་ཡིག་དེའི་ནང་“གང་ལྟར་བཀའ་ཁྲི་ནི་ང་ཚོ་བོད་མི་རྣམས་ཀྱི་སྐྱབས་དང་རེ་བ་བྱེད་སའི་དགུན་གྱི་ཉིན་བྱེད་དང། དབྱར་གྱི་ལྗོན་པ་ཇི་བཞིན་དང་མཚུངས་”ཞེས་བཀོད་འདུག་པ་བོད་མི་རྣམས་ཀྱི་སྐྱབས་དང་རེ་བ་བྱེད་ས་དེ་བོད་རྒྱལ་ཁབ་དང། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་ལས། བཀའ་ཁྲི་དེ་ང་ཚོའི་སྐྱབས་ཡུལ་ལ་ནམ་ཡང་ངོས་འཛིན་དང་ཁས་ལེན་ཞུ་མི་ཐུབ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་དུ་གསལ་བ་བཞིན་འཛིན་སྐྱོང་སྡེ་ཚན་གྱི་འགོ་ཁྲིད་དེ་བཀའ་བློན་ཁྲི་པ་ཡིན་པ་གསལ་པོ་རེད།

ཡང་རྩོམ་ཡིག་དེའི་ནང་“འབྱུང་འགྱུར་གྱི་བཀའ་ཁྲི་དེ་འདབ་གཤོག་གཉིས་ལྡན་ཞིག་ཡིན་དགོས་ཞེས་རླུང་ལྟར་ཁ་གཅིག་གྲག་བྱེད་ཀྱི་འདུག དེ་བདེན་པ་རེད། ཡིན་ཡང་ངས་བསམས་ནས་འདབ་ཕྱོགས་གཉིས་ཙམ་མ་ཟད། གསུམ་ལྡན་ཡང། ལྷག་བསམ་དང་སྙིང་སྟོབས་མེད་པའི་མི་རྫུན་མ་ཞིག་ཡིན་ན། རང་རེ་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་དགོས་མཁོ་སྐོང་མི་ཐུབ་པའི་ཁར་སྔར་ཡོད་ལས་ཇེ་སྡུག་ཏུ་འགྱུར་ཉེན་”ཞེས་བཀོད་འདུག་པ་མི་རྫུན་མ་ཟེར་བའི་གོ་དོན་ཇི་ཡིན་གསལ་པོ་མ་ཤེས་ཀྱང། དེང་སྐབས་རང་རེའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་གྱི་མི་སེར་ཡུལ་མིའི་ལག་ཁྱེར་(Citizenship) བཟོས་ཏེ། གློ་ཕྱི་དང་གྲོད་པ་ནང་དུ་གསོ་མཁན་གྱི་མགོ་གཉིས་ཅན་ཆབ་སྲིད་ཀྱི་ཚོང་པ་དེ་ཚོར་ཟེར་གྱི་ཡོད་ན་ནི་རྗེས་སུ་ཡི་རངས་དང་དགའ་བསུ་ཆེན་པོ་ཡོད་ལ། བཅའ་ཁྲིམས་དོན་ཚན་༨ བོད་ཀྱི་ཡུལ་མི་ཞེས་པའི་ནང་གསེས་༢ པའི་འབྲུ་དོན་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཐུགས་ཞིབ་ནན་པོ་གནང་ནས་བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་པ་དེ་རྒྱལ་སྲུང་ཆབ་སྲིད་ཀྱི་འགག་རྩ་ངོ་མ་དེ་ཡིན་པ་མཁྱེན་དགོས་པ་དང། བཀའ་ཁྲི་དེ་བོད་ཡུལ་མི་དྭངས་མ་ཞིག་ཕེབས་དགོས་པ་ལས་རྒྱལ་ཁབ་གཞན་གྱི་ཡུལ་མིའི་ལག་ཁྱེར་ཡོད་མཁན་དང། ཐོབ་ཐང་ལེན་མཁན་ཞིག་རང་རེའི་བཀའ་ཁྲི་ལ་ཕེབས་ཚེ་དེ་ནི་ཤིན་ཏུ་ནས་ནོར་ཚབས་ཆེ་བས། རྒྱལ་ཁབ་དང། བོད་མི་རིགས་ཀྱི་ཆེ་མཐོང་སོགས་ཆབ་སྲིད་ཀྱི་ལས་དོན་མང་པོ་ལ་འཕྲལ་ཕུགས་གནོད་གཞི་འགྲོ་སྲིད་པ་བཅས་མདོ་དོན་ཡང་སྙིང་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་གཞི་ལ་བཀའ་ཟུར་ཉམས་མྱོང་ཅན་བཅའ་སྒྲིག་གི་ཆ་རྐྱེན་འོས་ཆོས་ཚང་བའི་ནང་ནས་བཀའ་ཁྲི་འདེམས་དགོས་པ་དེ་རྒྱལ་སྲུང་ཆབ་སྲིད་ལ་འགན་ཁུར་མཁན་ནས་ཕྱོགས་གཏོགས་ཆབ་སྲིད་པ་དང། ལུང་ཚན་ཤོག་སྒྲིལ། འགོ་འདྲེན་རིང་ལུགས། གྲལ་རིམ་གཅིག་བསྡུས། སྐབས་འཚོལ་རིང་ལུགས་སོགས་ཀྱི་རྗེས་སུ་ཁ་མ་ཕྱོགས་པར་ད་ལྟའི་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལས་དབང་ལ་འཕྲད་པའི་ཛ་དྲག་གི་གནས་བབས་ལ་བསམ་ཤེས་ནན་པོ་གནང་ནས། བཀའ་ཁྲི་འདེམས་ཕྱོགས་མ་ནོར་བ་གནང་དགོས་པའི་ལྷག་བསམ་རྨ་མེད་པའི་ཐོག་ནས་འབོད་སྐུལ་དང་བཅས་བཅའ་ཁྲིམས་དོན་ཚན་༢༡ པའི་ནང་གསེས་གསུམ་པའི་ཇ་པ་དང། འོས་བསྡུའི་སྒྲིག་གཞི་དོན་ཚན་༦༣ པའི་ཇ་པ་བཅས་ལ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བསྐྱར་བཅོས་འགན་ཁུར་མ་བླངས་པ་དེ་ནི་བོད་མི་རིགས་ལ་འཕྲད་པའི་ཛ་དྲག་གི་དཀའ་ངལ་གདོང་ལེན་དང། འགན་ཁུར། ལྷག་བསམ་གྱི་ནུས་པས་མ་འདང་པ་དེ་དག་བསུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ཕམ་ཁ་ཆེན་པོ་ཞིག་ཡིན་པ་བློ་ལྡན་བོད་མི་ཚང་མས་མཁྱེན་པ་གནང་དགོས།། གཞུང་པ་ཚེ་དབང་བསོད་ནམས་ཀྱིས་ཀོ་ལི་གྷར་གཞིས་ཆགས་ནས།

 

{jcomments on}

Share this:
༢༧ ཀློག་གྲངས།