སྲིད་འཛིན་གྱི་ལས་ཡུན་གྲོས་འཆར་ཐོག་ཡོངས་གྲགས་ཞུ་འཕྲིན་ཞིག་སྤེལ་འདུག

ཕྱི་ཟླ་༢ པའི་ཕྱི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ན་གཞོན་ཉིན་རེའི་ཚགས་པར་(China Youth Daily)གྱི་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་ལཱི་ཏ་ཐང་(Li Datong) གིས་ཡོངས་གྲགས་འཕྲིན་ཡིག་ཅིག་བརྒྱུད། མི་མང་འཐུས་མི་རྣམ་པས་སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་འཆར་ལ་དགག་པ་རྒྱག་རྒྱུའི་ནན་སྐུལ་བྱས་ཡོད་འདུག

དེ་ཡང་ཕྱི་ཟླ་༢ པའི་ཕྱི་ཚེས་༢༥ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་བྱ་རྒྱུའི་གྲོས་འཆར་ཡོངས་བསྒྲགས་བྱས་པའི་ནང་། རྒྱ་ནག་གི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀྱི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་འཆར་བཏོན་ཡོད་སྟབས། ཟླ་༢ པའི་ཕྱི་ཚེས་༢༦ ཉིན་རྒྱ་ནག་ན་གཞོན་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་ལཱི་ཏ་ཐང་གིས་གྲོས་འཆར་དེར་མོས་མཐུན་མེད་སྐོར་གྱི་ཡོངས་གྲགས་ཞུ་འཕྲིན་ཞིག་རྒྱ་ནག་པེ་ཅིང་གི་འཐུས་མི་༥༥ ཡི་མིང་ཐོག་ལ་སྤྱི་ཚོགས་དྲ་རྒྱ་སྐད་འཕྲིན་བརྒྱུད་སྤེལ་ཏེ། ཕྱི་ཟླ་༣ པའི་ཚེས་༥ ནས་བཟུང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་༡༣ པ་འཚོག་སྐབས་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་སྟབས། འཐུས་མི་རྣམ་པས་གནད་དོན་དེར་མོས་མཐུན་བྱ་མི་རུང་བའི་ནན་སྐུལ་བྱས་ཡོད་འདུག

དེ་ཡང་ཁོང་གི་ཡོངས་གྲགས་ཞུ་འཕྲིན་ནང་། ཁོང་ནི་རྒྱ་ནག་གི་མི་སེར་ཞིག་དང་པེ་ཅིང་ནས་འོས་འཕེན་མཁན་ཞིག་ཡིན་པ་དང་། འཐུས་མི་རྣམ་པས་མི་མང་གི་ངོ་ཚབ་མཚོན་ཐུབ་དགོས་རྒྱུ་གལ་ཆེ་སྐོར་བརྗོད་ཡོད་འདུག་པ་མ་ཟད། གནད་དོན་དེའི་ཐོག་འོས་འཕེན་མཁན་མང་པོ་ཞིག་དང་གླེང་མོལ་བྱས་རྗེས་བསམ་ཚུལ་གཅིག་མཚུངས་བྱུང་སྟབས། ཁོང་གིས་ཡོངས་གྲགས་ཞུ་འཕྲིན་དེ་སྤེལ་རྒྱུ་ཐག་གཅོད་བྱས་པ་ཡིན་སྐོར་དང་། འཐུས་མི་རྣམ་པས་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་༡༣ པ་འཚོག་དུས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གིས་བཏོན་པའི་རྩ་ཁྲིམས་ཀྱི་དོན་ཚན་༡༤ པ་སྲིད་འཛིན་ལས་ཡུན་གྱི་སྐོར་དེ་བསྐྱར་བཅོས་བྱ་རྒྱུའི་གྲོས་འཆར་ལ་མོས་མཐུན་བྱ་མི་རུང་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོང་གི་ཡོངས་ཁྱབ་ཞུ་འཕྲིན་ནང་། ད་ལྟའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་ཡོད་པ་འདི་ནི། དེ་སྔོན་རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་ནས་མནར་གཅོད་ཤུགས་དྲག་བྱུང་ཡོད་སྟབས། ཕྱི་ལོ་༡༩༨༢ ལོར་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་མང་གིས་ཆབ་སྲིད་བསྐྱར་བཅོས་ཀྱི་ཐོག་ནས་སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་བཟོས་པ་ཞིག་ཡིན་པ་དང་། ཚད་བཀག་དེ་ནི་སྲིད་དབང་སྒེར་འཛིན་ལམ་ལུགས་མི་ཡོང་བ་དང་། གཞུང་དང་ཆབ་སྲིད་ཚོགས་པ་གཉིས་ཀ་མི་སྒེར་གྱི་དབང་ཤུགས་འོག་མི་ཚུད་པར་ཆེས་ཕན་ནུས་ལྡན་པའི་ཁྲིམས་ལུགས་ཀྱི་ཐག་གཅོད་ཅིག་ཡིན་སྐོར། སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་ཡོད་པ་དེ་ནི་ཏིང་ཞའོ་ཕིང་གི་ཆབ་སྲིད་རང་བཞིན་ཅན་གྱི་ཤུལ་བཞག་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། རྨང་གཞི་དེའི་ཐོག་ནས་རྒྱ་ནག་མདུན་ནས་མདུན་དུ་བསྐྱོད་དགོས་པ་ལས་འདས་ཟིན་པའི་ཆབ་སྲིད་ཀྱི་ལམ་ལུགས་ཐོག་ཕྱིར་ཤིག་བརྒྱག་རྒྱུ་མེད་སྐོར། སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་བ་ནི་འདས་པའི་ལོ་རྒྱུས་ནང་ཕྱིར་ཁ་འཁོར་ནས་སླར་ཡང་ཟིང་འཁྲུག་གི་ས་བོན་བཏབ་པ་ཞིག་ཡིན་སྐོར་སོགས་རྒྱུ་མཚན་མང་པོ་ཞིག་གི་མཐར། རྒྱ་ནག་མི་མང་གི་མངོན་འདོད་དང་། ཕུགས་རྒྱང་རིང་པོར་རྒྱ་ནག་ནང་ཞི་བདེ་དང་བརྟན་ལྷིངས་ཡོང་ཐབས་ཀྱི་ཕྱིར་དུ་སྐབས་༡༣ པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་འཐུས་མི་རྣམས་ཀྱིས་སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་འཆར་ལ་དགག་པ་བྱ་དགོས་པའི་རེ་སྐུལ་ཤུགས་དྲག་ཞུས་འདུག

སྤྱིར་ད་ཐེངས་ཀྱི་རྒྱ་ནག་གི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་ཐོག་དྲ་ལམ་ཁག་ནས་དགག་པ་རྒྱག་མཁན་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་མཆན་རྣམས་བསུབ་སྟེ་བཀག་འགོག་བྱེད་བཞིན་ཡོད་འདུག་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་དེ་ནི་དུས་སུ་བབ་པ་ཞིག་ཡིན་སྐོར་ཡང་བསྒྲགས་ཡོད་པ་རེད། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༡༨ ཀློག་གྲངས།