རྟའུ་ཆོས་མཛད་ཕུན་ཚོགས་དབང་འདུས་ལགས་སུ་ཕུལ་བ།

ཁོང་གི་རང་རྣམ་ཤིང་པར་ཤོག་ལྡེབ་༢ པའི་ཉིན་ངོས་ཡིག་ཕྲེང་གསུམ་པ་ནས་འགོ་བཙུགས་ཏེ། ཤོག་ལྡེབ་༥ པའི་ཉིན་ངོས་ཐིག་ཕྲེང་གསུམ་པའི་བར་དུ་གསལ། “དེ་ལ་ཐོག་མར་རང་གི་རིགས་རུས་ཀྱི་འབྱུང་ཁུངས་ཟུར་ཙམ་མ་བཤད་ན། ཕ་མེས་ཀྱི་རིགས་བརྒྱུད་མི་ཤེས་པ་ནི། ནགས་ཚལ་གྱི་སྤྲེའུ་དང་འདྲ་ཟེར་བའི་སྐྱོན་ཡོད་པ་དེའི་ཕྱིར་ཟུར་ཙམ་བཤད་ན། དཔལ་སྤྱན་སྔ་ལྷ་གཟིགས་རས་པའི་ཡིག་ཚང་ལས། སྒ་སྡོང་འགྲུ་གསུམ་ཁྲ་དང་བཞི། ནུ་བོ་དཔའ་སྡ་གཉིས་དང་དྲུག ཅེས་གསུངས་པ་ནི་གང་ཟག་ཆེན་པོའི་གསུང་ཡིན་པས་ཁུངས་བཙུན་པའི་ཕྱིར་འདིར་ཡང་ཚད་མར་བཟུང་བ་ཡིན། གནའ་བོའི་ངག་སྒྲོས་འགའ་ཞིག་ཏུ། དམུ་ཚ་སྒ་དང་ཨ་སྤོ་སྡོང་སེང་ཁྱུང་དབྲ་ཨ་ལྕགས་འབྲུ། དཔའ་སྡ་གཉིས་ཞེས་རུས་ཆེན་བཞི་དང། རུས་ཆུང་གཉིས་ཏེ་མི་བུ་རུས་དྲུག་ཅེས་ཟེར་བ་སྔ་མ་དེ་དང་ཕྱོགས་མཚུངས་པར་མངོན་ཞིང། མ་ཧཱ་ཙི་ནའི་ལུགས་ཀྱི་འབྱུང་རྩིས་པའི་བསྟན་བཅོས་ལྟར་ན་རིགས་ལྔ་ཁམས་ལྔ་ཁ་དོག་ལྔ་སོགས་སྦྱར་ནས། སྡོང་སྨུག་པོའི་རིགས་ས་ཁམས། དབྲ་དཀར་པོའི་རིགས་ལྕགས་ཁམས། འགྲུ་སྔོན་པོའི་རིགས་ཆུ་ཁམས། སྒོ་དམར་པོའི་རིགས་མེ་ཁམས། སྒ་ལྗང་གུའི་རིགས་ཤིང་ཁམས་ཞེས་རུས་ཆེན་སྡེ་ལྔར་བསྡུས་ནས་གསུངས་སོ།། འདི་རྣམས་ཀྱང་གུང་བསྒྲིགས་པར་བྱས་ན་ཆེར་མི་འགལ་ཏེ། གོང་དུ་བཤད་པའི་རུས་དྲུག་གི་ཡ་གྱལ་ནུ་བོ་དཔའ་སྡ་གཉིས་ལ་བརྡ་ཆད་རྒྱས་པར་སྦྱར་བའི་དབྱེ་བ་མེད་པར་གཉིས་ཀ་ལྷན་ཅིག་ཏུ་བརྗོད་པའི་རྒྱུ་མཚན་གྱིས་དེ་གཉིས་གཅིག་ཏུ་བསྡུས་པའི་ལྔ་པ་ནི་སྒོ་ཞེས་པར་འགྱུར་བར་མངོན་ཏེ་རུས་ཆེན་སྡེ་ལྟར་བསྡུ་བར་རུང་བའི་ལུགས་པའི་ཕྱིར་རོ།།

དེ་ལ་བདག་ཉིད་ནི་ཨ་ལྕགས་འགྲུ་འམ་འགྲུ་སྔོན་པོའི་རིགས་ལས་ཆད་པ་ཡིན་ནོ།། ཞེས་བརྗོད་དོ།། དེ་ཡང་ཡིན་ཏེ། འདི་ལྟར་སྔོན་གྱི་དུས་སུ་འགྲུ་སྔོན་པོའི་རིགས་ཀྱི་མྱུ་གུར་གཏོགས་པའི་སྡེ་ཚན་གཅིག་གནུབས་ཡུལ་དུ་བྱུང་བ་དེ་ལས། (གནུབས། གཙང་རིན་སྤུངས་ཁུལ་གྱི་ལུང་པ་ཞིག་དང་དེར་གནས་བོད་ཀྱི་ཡབ་འབངས་རུས་དྲུག་ནང་གི་རུས་མིང་ཞིག ཡིན་ཞེས་བོད་རྒྱ་ཚིག་མཛོད་ཆེན་མོ་ཤོག་གྲངས་༡༥༥༢ པར་གསལ།)འཕགས་ཆེན་དམ་པའི་སར་བཞུགས་སངས་རྒྱས་ཡེ་ཤེས་དང། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཐུགས་སྲས་དགེ་སློང་ནམ་མཁའི་སྙིང་པོ་སོགས་ཀྱིས་གང་དུ་མི་ཡི་སྲིད་པ་བཟུང་པའི་རིགས་ལ་གནུབས་ཀྱི་རིགས་ཞེས་བྱའོ།།

སློབ་དཔོན་དེ་དག་དང་རུས་གཅིག་པར་གྱུར་པའི་གནུབས་རིགས་ཀྱི་སྡེ་ཚན་གཅིག་ཡུལ་དུས་ཀྱི་རྐྱེན་ལས་རིམ་གྱིས་ཡུལ་བརྒྱུད་ནས་ཁམས་ཀྱི་ཤར་ཕྱོགས་མཚོ་ཁྲི་ཤོག་རྒྱལ་མོ་དང་ཉེ་བའི་རྨ་ཁོག་བར་མའི་ཡུལ་གྲུ་ཞིག་ཏུ་གནས་བཅས་སོ།། དེར་གནུབས་རིགས་ཕྱི་མ་རྣམས་ལས་ཀྱང་འཇིག་རྟེན་པའི་ལུགས་སུ་དཔའ་མཛངས་ཀྱི་རྩེ་མོར་སོན་ཞིང། རལ་གྲི་དང་མདའི་འཁྲུལ་འཁོར་ལ་བྱང་བ་མིའི་མཆོག་ལྟ་བུ་འགའ་ཞིག་བྱུང་བའི་ནང་གསེས་གཅིག རུང་ཆེན་ལ་གནས་པ་ལ་རུང་ཐ་ཞེས་ཟེར། དེ་ཉིད་རུས་མིང་ལྟ་བུར་གྱུར་ནས་དེ་ཕྱིན་ཆད་དེའི་རིགས་བརྒྱུད་རྣམས་ལ་རུང་ཐ་ཞེས་གྲགས་སོ།། མཐར་སོག་པོའི་རྒྱལ་པོ་ཞིག་གིས་གཞན་སྡེ་མ་ལུས་པ་མངའ་འོག་ཏུ་བསྡུ་འདོད་ནས་དམག་དཔུང་ཆེན་པོ་བཏང་བ་ལས་གནུབས་རིགས་དེ་དག་ཡུལ་ནས་ཕྱུངས་ཏེ་རིང་དུ་བྲོས་པར་འདོད་དེ་ཡུལ་མང་རིམ་གྱིས་བརྒྱུད་ནས་ལྷོ་རྒྱུད་མདོ་སྨད་ཀྱི་ཕྱོགས། འདྲ་ལྕགས་ཁུང་ཞེས་རྒྱ་མིས་ལྕགས་བརྐོ་བའི་ཁུང་བུ་ཡོད་པ་ཡུལ་གྱི་མིང་དུ་གྲགས་པའི་སྟོད་དུ་གནས་སོ།། དེ་ཡན་ཆད་ཀྱི་རུང་ཐའི་མི་རིགས་རྣམས་ལ་གནུབས་རིགས་རུང་བརྒྱུད་སྔ་མ་ཞེས་ཟེར། ད་ལྟ་རྣུ་ཟོག(གནུབས་ཟུར་) སྟོང་དཔོན། སྔོ་ཤུལ། རུང་ཐ་སོགས་ཟེར་བ་རུས་གཅིག་ལ་མིང་སོ་སོར་ཆགས་པ་ཡིན།

འདྲ་ལྕགས་ཁུང་ཞེས་པ་ཡུལ་གང་དུ་གཏོགས་ཤེ་ན་དེ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་སའི་ཐིག་ལེ། ཁམས་ཀྱི་གནས་ཆེན་ཉི་ཤུ་རྩ་ལྔའི་ཡ་གྱལ། སྦ་ཞབས་བྲག་དཀར་རམ། ཝ་ཞེས་སེང་གེ་བྲག་དཀར་ཞེས་སྔོན་དུས་སྦ་མི་ཕམ་མགོན་པོ་ཧེ་རུ་ཀའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པ་དེའི་གཡས་ཕྱོགས་ནས་བབས་པའི་ཆུ་བོའི་རྒྱུན་དང་ལྡན་པ་ལ་འདྲ་ལྕགས་ཁུང་བ་ཞེས་གྲགས་པ་དེའམ་ཡུལ་དེར་གནས་པའི་གྲོང་ཁྱེར་བ་རྣམས་དང། སྟོད་ཕྱོགས་རྒྱང་འབྲོག་པ་རྣམས་ལའང་སྤྱི་མིང་ལྕགས་ཁུང་པ་ཞེས་ཟེར། དེར་གནས་པའི་གནུབས་རིགས་རུང་བརྒྱུད་སྔ་མའི་ཁྱིམ་བདག་སྤུན་ཟླ་གསུམ་པ་ཞིག་བྱུང། དེ་དག་སོ་སོའི་བུ་དང། ཚ་བོ་དང། ཡང་ཚ་དང། སུམ་ཚའི་བརྒྱུད་པ་ལས། ཆེ་བརྒྱུད། འབྲིང་བརྒྱུད། ཆུང་བརྒྱུད་ཅེས་ཟེར་བ་རྣམས་ལ་གནུབས་རིགས་རུང་བརྒྱུད་ཕྱི་མ་ཞེས་ཟེར། དེ་ལས་ཆུང་བརྒྱུད་ཀྱི་ཕྱོགས་སུ་སྨར་ཚང་བཀའ་བརྒྱུད་པའི་སྲོལ་བཟང་ལ་བརྟེན་ནས་གྲུབ་པ་བརྙེས་པ་ཐར་པའི་རྒྱལ་མཚན། ལུང་རྟོགས་ཀྱི་མངའ་བདག་དགེ་བའི་རྒྱལ་མཚན། རིམ་གཉིས་ཀྱི་རྟོགས་པ་ཕུལ་ཕྱིན་ཤཱཀྱ་རྒྱལ་མཚན་དེ་རྒྱལ་མཚན་རྣམ་གསུམ་མམ། ཕྱི་མ་ལ་ཐར་དགེ་ཤཱཀྱ་རྒྱལ་མཚན་ཞེས་ཀྱང་གྲགས་པ་སོགས་དམ་པ་དུ་མ་བྱུང་བ་ཡིན། དེ་ནས་གནུབས་རིགས་རུང་བརྒྱུད་ཆུང་བ་ལ་སྐྱོང་གདུགས་གཉིས་ཟེར་བ་དེ་རིམ་གྱིས་ཡུལ་བརྒྱུད་དེ་ཤར་རྒྱལ་མོ་རོང་གི་སྟོད་ཕྱོགས་ཆུ་བོའི་རྒྱུན་གསུམ་དུ་གྱེས་པ་ལ་རྡོ་གསེར་སྨར་གསུམ་དུ་གྲགས་པ་ཡིན་ཏེ། ཆེ་བ་སྐྱོང་ལོ་ཞེས་ཟེར་བ་ཟླ་ཁོག་སྟོད་དུ་ཕྱིན། ཆུང་བ་གདུགས་དཀར་ཞེས་ཟེར་བ་བསྟོད་མིང་དུ་ཨ་གདུགས། གཅེས་མིང་དུ་གདུགས་ལོ་ཞེས་ཟེར་བ་དེ་གསེར་ཡུལ་བདུད་སྙིང་འགོ་ཞེས་ཟེར་བའི་ས་མིག་དེར་གནས་བཅས་ནས་འདུག་པ་ལ་བུ་གསུམ་སྐྱེས་པའི་ཆེ་བ་དཔལ་གྲགས། འབྲིང་བ་མགོན་སྐྱབས། ཆུང་བ་དར་རྒྱས་གསུམ་སྟེ། མགོན་སྐྱབས་ཀྱིས་རྡོའི་སྟོད་དུ་ས་བཟུང་ནས་དེའི་རིགས་རྒྱུད་པ་ལ་གསེར་སྐོར་ཞེས་འཛུ་སྟོད་དུ་ཆད། དཔལ་གྲགས་ཞེས་བྱ་བ་རྡོའི་སྨད་དུ་ཕྱིན་པའི་འདྲ་ལྕགས་ཁུང་ནས་བྱུང་བས་དེ་རུས་སུ་གྲགས་པ་དང། སྟོད་དང་སྨད་ཀྱི་གནས་གནས་ལ་བཅས་པས་ལྕགས་ཁུང་ཁ་སྟོད་དང་ཁ་སྨད་ཅེས་གྲགས་པ་ཡིན། དར་རྒྱས་ཞེས་བྱ་བ་རང་སར་གནས་པས་ལྕགས་མོ་རུ་གྲགས་པ་ཡིན། མགོན་སྐྱབས་ཞེས་བྱ་བའི་མི་རྒྱུད་ལས་ཆད་པའི་རིགས་བརྒྱུད་ཕྱི་མ་ལས་ཕ་ཨ་བསྟན་ཞེས་བྱ་བ་དང། མ་དམུ་ཚ་སྒ་ཡི་རུས་སུ་གཏོགས་པ་མིང་ལ་བོ་རྫོགས་ཞེས་པ་བྱ་བ་གཉིས་ཀྱི་བུ་རུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ལོར་བདག་སྐྱེས་པ་ཡིན།” ཞེས་སོགས་གསུངས་ཡོད། འདི་ལ་གཟིགས་དང་ཁྲག་འཐུང་བདུད་འཇོམས་གླིང་པ་མཆོག་གི་རུས་རྒྱུད་དེ་འབྲུ་ཡི་རིགས་སུ་གཏོགས་ཤིང་། དེ་ཡང་གཙང་ཕྱོགས་ནས་ཆད་དེ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་གྱི་རྨ་ཡུལ་ཕྱོགས་སུ་སླེབས། དེའི་རྗེས་སུ་འདྲ་ལྕགས་ཁུང་དུ་སླེབས་པ་ཞིག་ཡིན་པ་དང། ཁྲག་འཐུང་བདུད་འཇོམས་གླིང་པའི་སྔོན་གྱི་མི་རབས་མང་པོའི་གོང་ནས་གསེར་རྟ་རུ་སླེབས་ཟིན་པ་ཞིག་ཡིན་པ་ཧ་ཅང་གསལ།

དེ་དུང་དེ་ལས་གསལ་ཞིག་ཡོད་པ་ནི། ཁོང་གི་རང་རྣམ་དེའི་ཤོག་ལྡེབ་༩༧ པའི་རྒྱབ་ངོས་ཡིག་ཕྲེང་བཞི་པའི་ནང་དུ། “ཡང་དེ་ན་རེ། ཁྱོད་གང་དུ་སྐྱེས་པའི་མི་ཞིག་ཡིན་ཟེར། བདག་གིས་ང་ནི་ཡུལ་གསེར་ཐལ་(མཆན། གསེར་རྟ་ཞེས་པ་དུས་ཕྱིས་ཀྱི་འབྲི་སྟངས་ཡིན་པ་ལས་གནའ་བོའི་ཡིག་ཆ་ཕལ་མོ་ཆེས་གསེར་རྟ་ལ་གསེར་ཐལ་ཞེས་ཡོངས་གྲགས་ཀྱིས་བྲིས་ཡོད།)དུ་སྐྱེས་པ་ཡིན་སྨྲས། ཁྱོད་མགོ་ལོག་ཏུ་ཅི་ལ་ཕེབས་ཞེས་ཟེར། བདག་གིས། ང་རྒྱུ་རྫས་མེད་པ་ཞིག་ཡིན་ཏེ་རྙེད་ཚོལ་དུ་འོང་བ་ཡིན།”ཞེས། ཁོང་མདོ་སྨད་མགོ་ལོག་ཏུ་ཕེབས་པའི་སྐབས་རྨི་ལམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པའི་སྐབས་དྲི་བ་དྲིས་པའི་ལན་འདེབས་གནང་བའི་སྐོར་རང་རྣམ་དུ་འཁོད་ཡོད་པ་འདིས་ཀྱང་ཁོང་གི་འཁྲུངས་ཡུལ་གང་ཡིན་གསལ་པོ་ཆགས་པ་རེད། ཆོས་མཛད་ལགས་ཁ་སང་སྔོན་མ་ངེད་གཉིས་ཀྱི་བགྲོ་གླེང་བྱེད་པའི་སྐབས་རྟའུ་དང་གསེར་རྟའི་ཐོབ་ཤོར་དང་འབྲེལ་བའི་བཀའ་མོལ་ཞིག་སླེབས་སོང་བས། གནད་དོན་འདི་གླེང་ནས་ཕན་ཐོགས་མི་འདུག དེ་ལས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ལ་ལེགས་པའི་བསམ་ཚུལ་བྱུང་ཡང་། དེའི་རྗེས་སུ་ཁྱེད་ཀྱིས་མཆན་རྗེས་མ་རྣམས་སུ་འདིའི་སྐོར་ལ་ཕྲན་གྱིས་བསྐྱར་དུ་གསལ་བཤད་དགོས་པའི་འབོད་སྐུལ་གནང་བ་ལྟར་གུས་པས་ཟིན་བྲིས་སུ་བཀོད་པ་ཡིན། ཁྲག་འཐུང་བདུད་འཇོམས་གླིང་པའམ། སྒེའུ་ལི་གཏེར་སྟོན་གྱི་འཁྲུངས་ཡུལ་རང་རྣམ་དུ་དེ་འདྲ་གསལ་ཡོད་པ་རེད།

དེ་བཞིན་ཁྱེད་ཀྱིས་རྟའུ་ལྡོང་རིགས་ཡིན་ཚུལ་བརྗོད་བཞིན་པ་ལྟར་ཡིན་སྲིད་ཀྱང། ཁྲག་འཐུང་བདུད་འཇོམས་གླིང་པ་ལྡོང་རིགས་མ་ཡིན་པར་འབྲུ་རིགས་སམ་འགྲུ་རིགས་ཡིན་པ་ཁོང་གི་རང་རྣམ་དུ་གསལ་འདུག་པ་བཅས་ཀྱིས་རྟ་ཡི་ཡ་ཁ་དང་གཡག་གི་མ་ཁ་གཉིས་ཐོ་ཐུག་ཐབས་མེད་པའི་བཟོ་ལྟ་བུ་ཞིག་ཏུ་མཐོང་སོང།

ཉེ་བའི་ཆར་ཨ་མྱེས་རྨ་ཆེན་གྱི་བཀྲ་ཤིས་ཚེ་རིང་ལགས་དང་གནད་དོན་གཞན་ཞིག་གི་སྐོར་ལ་འབྲེལ་བ་ཞིག་བྱུང་བའི་སྐབས་འདིའི་སྐོར་འཕྲོས་མོལ་ཅུང་ཙམ་བྱས་ཀྱང། ཁོང་རྒྱུས་མངའ་གང་ཡང་མི་འདུག ཆོས་མཛད་ལགས་ཁྱེད་བཞུགས་སའི་སིམ་ལ་རྡོ་བྲག་དགོན་ནས་ཁྱེད་ཀྱིས་བདུད་འཇོམས་སྐུ་ཕྲེང་གོང་འོག་གི་རྣམ་ཐར་ཞིག་གཟིགས་པ་དེ་ཡང་ཁྱེད་ཀྱི་གསུངས་པ་ལྟར་ཡིན་ན། ནོར་ཡོད་པ་སྨྲོས་མི་དགོས་པ་རང་རྣམ་དུ་གསལ་བ་འདིས་ཐེར་འདོན་བྱས་པ་རེད། དངོས་གནས་དྲང་མོ་བཤད་ན་གཞན་ང་ལ་གནད་དོན་གང་གི་ཐོག་ནས་བཤད་ཀྱང་ཤེས་བྱ་ཡོན་ཏན་དང། ལྟ་རྒྱ་མཐོང་རྒྱ་ཁབ་མིག་ལས་ཆུང་བ་ཞིག་ཡིན་པ་ཁྱེད་ཀྱིས་མཁྱེན་གསལ་ལྟར་རང་ངོས་ནས་ཁས་ལེན་གཙང་མ་ཡོད། འོན་ཀྱང་གནད་དོན་འདིའི་ཐོག་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ང་ལས་ཞིབ་ཆ་ཆེ་བ་ཤེས་མཁན་སུ་གཅིག་ཀྱང་མེད་པ་ཁ་ཚོན་བཅད་ནས་བཤད་ཐུབ་པས། ཕྲན་གྱིས་ཡིག་ངག་གཉིས་ཐོག་ནས་གང་མང་ཞུས་པ་དེ་ལ་ཁྱེད་ཀྱིས་ཡིད་ཆེས་ཅུང་ཙམ་གནང་ཡོད་ན། བགྲོ་གླེང་མང་པོ་གནང་དགོས་དོན་གཏན་ནས་མེད་པ་མ་ཟད། ཁྱེད་ཀྱིས་གསེར་རྟ་དང་རྟའུའི་བར་གྱི་ཐོབ་ཤོར་སྐོར་ཡང་གླེང་དགོས་དོན་ཡོད་པ་མ་རེད། འོན་ཀྱང་ཐུགས་ཁག་མེད། ད་ལྟའི་འདི་ཡང་རང་རྣམ་དུ་གསལ་བ་དེ་ལུང་དྲངས་ནས་བྲིས་པ་ཡིན། ཁྱེད་ཀྱི་ཐུགས་དོགས་སེལ་བའི་རེ་བ་མ་མཐོང་ཡང་། ཀློག་མཁན་རྣམས་ལ་ཅུང་ཙམ་ཕན་དུ་རེ་བས་བྲིས་པ་ཡིན། ཆོས་མཛད་ལགས་བསྐྱར་དུ་མཇལ་ཡོང།

ཡི་གེ་དམར་པོ་བཟོས་པ་འདི་དག་རང་རྣམ་རང་ལས་དྲངས་པའི་ཚིག་ཡིན།

Share this:
༡༠༤ ཀློག་གྲངས།