དྷ་སར་ཡོང་བའི་མངའ་སྡེ་གཞན་གྱི་རླངས་འཁོར་རྣམས་ལ་ཁྲལ་རྒྱག་རྒྱུ་རེད་འདུག

ཕྱི་ཟླ་༢ པའི་ཕྱི་ཚེས་༢༨ ཉིན་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་ཁུལ་དྷ་ས་རུ་རྒྱ་གར་གྱི་མངའ་སྡེ་གཞན་ནས་ཡོང་བའི་རླངས་འཁོར་རྣམས་ལ་ཁྲལ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ཅིང་། དེ་ནི་མངའ་སྡེ་གཞན་ནས་ཡོང་བའི་རླངས་འཁོར་ལ་ཁྲལ་རྒྱག་པ་ཐེངས་དང་པོ་དེ་ཡིན་འདུག

དེ་ཡང་དྷ་ས་ཁུལ་དུ་ཡོང་བའི་མངའ་སྡེ་གཞན་གྱི་རླངས་འཁོར་ཆུང་བའི་རིགས་ལ་ཧིན་སྒོར་༤༠ དང་། ཆེ་བ་རྣམས་ལ་ཧིན་སྒོར་༡༢༠། དེ་བཞིན་དོས་སྐྱེལ་རླངས་འཁོར་ལ་ཧིན་སྒོར་༡༦༠ བཅས་ཀྱི་ཁྲལ་རྒྱག་རྒྱུ་ཡིན་འདུག་ཅིང་། ཁྲལ་རྒྱག་སའི་ས་ཚིགས་ནི་དྷ་སའི་ས་ཁུལ་སཱ་ཀོ་(Sakoh)དང་། ཤཱི་ལ་( Sheela) སིདྷི་བྷ་རི་(Sidhbari) སུ་དྷེ་ཌེ་(Sudhed) བཅས་སུ་བཟོ་རྒྱུ་ཡིན་འདུག

མངའ་སྡེ་གཞན་ནས་ཡོང་བའི་རླངས་འཁོར་རྣམས་ལ་ཁྲལ་རྒྱག་རྒྱུ་འདི་ནི་ཕྱི་ཟླ་༢ པའི་ཕྱི་ཚེས་༢༧ ཉིན་དྷ་ས་གྲོང་སྡེ་ལས་ཁུངས་ཀྱིས་སྔོན་རྩིས་ཐོག་ཚོགས་འདུ་ཞིག་འཚོགས་རྗེས། གྲོང་སྡེ་ལྷན་ཚོགས་ཀྱི་ཡོང་སྒོ་ཆེ་རུ་གཏོང་ཐབས་སུ་དམིགས་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག

དྷ་སའི་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་རཱ་ཇི་ནི་ཝེ་ཡེ་སིས་“དྷ་སའི་གྲོང་ཁྱེར་ནང་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་ཡོང་གི་ཡོད་ཀྱང་། དེ་དག་ལ་ང་ཚོས་ཁྲལ་གཅིག་ཀྱང་རྒྱག་གི་ཡོད་མ་རེད། འོན་ཀྱང་། ང་ཚོས་འགྲོ་སོང་ཕོན་ཆེན་པོ་གཏོང་སྟེ་གཙང་མ་བཟོ་བཞིན་ཡོད་སྟབས་རླངས་འཁོར་ལ་ཁྲལ་རྒྱག་རྒྱུ་དེ་གཙང་བཟོའི་ཁྲལ་ཡིན་བསམ་ན་འགྲིག་གི་ཡོད་རེད་”ཅེས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༢༤ ཀློག་གྲངས།