རང་བཙན་གྱི་བདེན་གཏམ་བཤད་ཕོད་པའི་ཆོད་སེམས་དགོས།

ཚོགས་ཆེན་ཐོག་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། གཙོ་བོ་དེ་རིང་ང་ཚོ་ཉིན་བདུན་རིང་ལྷན་འཛོམས་གནང་བ་འདི་ནི་བཀའ་དྲིན་རྗེས་དྲན་ཙམ་གྱི་ཆེད་དུ་མིན་པར། ལྷན་ཚོགས་འདི་ཐོག་མར་བཙུགས་པའི་དམིགས་དོན་ཁག་སྐབས་བབ་ལག་བསྟར་རྒྱུན་འཆང་བྱེད་མཁན་ད་ཡོད་གཞོན་ལྷན་དབུས་སའི་རྒྱུན་ལས་ཚོས་སྒྲིག་འཛུགས་ཀྱི་ལོ་སྔ་མའི་ལས་དོན་ལ་ཞིབ་བཤེར་དང། མ་འོངས་པའི་ལས་འཆར་བཀོད་སྒྲིག ལྷག་པར་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་༡༤ པ་འོས་འདེམས་བྱ་ཆེད་ཡིན་ཞེས་དང།

སྒྲིག་འཛུགས་འདི་ཉིད་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་ཚོགས་པ་ཞིག་མིན་པ་དབུ་ཁྲིད་རྒན་གྲས་ཚོའི་གསུང་རྒྱུན་ཡིན་པའི་ཐོག ཕྱི་ལོ་༢༠༠༧ ལོར་གཞོན་ལྷན་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་མཇལ་བཅར་སྐབས། ༸གོང་ས་མཆོག་གིས་ཀྱང་ལྷན་ཚོགས་འདི་ཆབ་སྲིད་ཀྱི་ཚོགས་པ་ཞིག་མིན་པ་དྲན་སྐུལ་ནན་གསུངས་མཛད་ཡོད་ཅིང། སྒྲིག་འཛུགས་འདི་ཉིད་སྲིད་དོན་གྱི་ཚོགས་པ་ཞིག་མིན་པར་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་ཤིག་ཡིན་པ་དེ་ནི་སྒྲིག་འཛུགས་འདིའི་ས་མཚམས་དང། མ་འོངས་པར་སྒྲིག་འཛུགས་ཡུན་གནས་ཀྱི་ལྕགས་རི་ལྟ་བུ་ཡིན་པ་དེ་དབུས་ས་ཚང་མས་ངེས་ཤེས་ལག་བསྟར་དགོས་པ་བསྐྱར་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

tycbodymeeting1མུ་མཐུད་གསུང་དོན། རྒྱ་ནག་གཞུང་གི་བཙན་འཛུལ་དྲག་གནོན་འོག་རང་ཉིད་ཀྱི་ལུས་སྲོག་ལ་མནར་གཅོད་དང་འཇིགས་ཉེན་ཡོང་བ་ཤེས་བཞིན་དུ། གཞིས་ལུས་སྤུན་ཟླ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ལོ་ངོ་ལྔ་བཅུའི་རིང། རང་སྲོག་བློས་གཏོང་གིས་གོ་མཚོན་གྱི་སོ་ཁ་ནས་རང་བཙན་གྱི་མངོན་འདོད་དང། ཆོད་སེམས་ལ་འགྱུར་བ་མེད་པར་འཐབ་རྩོད་རྒྱུན་འཆང་དང། ལྷག་པར་ཕྱི་ལོ་༢༠༠༨ ལོར་ལོ་ནས་གཞིས་ལུས་ན་གཞོན་མི་རབས་གསར་པ་ཚོས་སྔར་བས་ཀྱང། རྒྱལ་ཞེན་དང་སྙིང་སྟོབས་ཀྱི་ཆོད་སེམས་ཇེ་གསལ་ཇེ་བརྟན་ངང་ཚེ་སྲོག་ལ་བརྟེན་ནས་བོད་རང་བཙན་སླར་གསོའི་འཐབ་རྩོད་ཚད་མཐོ་རུ་མདུན་སྐྱོང་གནང་བཞིན་པ་ནི། ང་ཚོའི་རྒྱལ་ཁའི་སྒོ་མོ་དང་མདུན་སྐྱོད་ཀྱི་འབོད་སྒྲ་ནུས་ལྡན་ཞིག་ཡིན། ང་ཚོ་རང་དབང་ལུང་པར་འབྱོར་བའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོས་ནས་མ་མཐའ་ཡང་གཞིས་ལུས་བོད་མིའི་རང་བཙན་གྱི་མངོན་འདོད་དང་འབོད་སྒྲ་དེ་ངེས་པར་རྒྱལ་སྤྱིའི་ཐོག་བསྐྱལ་ཐུབ་པ་དང། རང་བཙན་གྱི་བདེན་གཏམ་བཤད་ཕོད་པའི་ཆོད་སེམས་བརྟན་པོ་ཞིག་ངེས་པར་དགོས་པ་ནི། འཐབ་རྩོད་ཀྱི་རྨང་གཞི་གཙོ་བོ་དང་གལ་ཆེའི་འོས་འགན་ཡིན་ཞེས་དང།

དུས་དང་གནས་བབ་འགྱུར་བ་ཇི་ལྟར་ཕྱིན་རུང། ང་ཚོ་ཚང་མས་༧གོང་ས་མཆོག་དང། བོད་གཞུང་ལ་གུས་བཀུར་ཡིད་ཆེས་འགྱུར་བ་མེད་པ་སྔར་ལྷག་རྒྱུན་འཁྱོངས་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞི་དང་འབྲེལ་བའི་ལས་དོན་ཡོངས་ཀྱི་ཐད། ང་ཚོའི་དབུས་སའི་རྒྱུན་ལས་ཡོངས་ཀྱིས་ཡིད་ཆེས་དང་འབད་བརྩོན་ལྷོད་གཡེང་མེད་པར། དམ་དོན་འབད་སྐྱེད་ཀྱི་གོམས་སྟབས་དང་ནུས་ཤུགས་ཚད་མཐོ་རུ་གཏོང་དགོས། ལྷག་པར་བོད་རང་བཙན་སླར་གསོའི་ལས་རིམ་དང་དམིགས་དོན་ཁག་རང་ཉིད་ཀྱི་ངེས་པ་བརྙེད་པ་ཙམ་མིན་པར། འབྲེལ་ཡོད་མང་ཚོགས་དང། བརྒྱུད་ལམ་ཁག ཉམས་ཞིབ་པ། ཚོགས་སྡེ་ཁག རྒྱབ་སྐྱོར་བ་དང། ད་དུང་དགྲ་བོ་རྒྱ་ནག་གཞུང་བཅས་རང་ཕྱོགས་དང་གཞན་ཕྱོགས་ཚང་མ་གདེངས་སྤོབས་འཕེར་བའི་འགྲེལ་བརྗོད་ཐུབ་ངེས་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་གནོན་ཤུགས་འོག རང་བཙན་གྱི་ལངས་ཕྱོགས་ཡོ་འཁྱོམ་དང་ཐེ་ཚོམ་ཅན་དུ་མི་འགྱུར་བའི་ཁ་ཕྱོགས་གསལ་པོ་དང་རང་ནུས་གདེངས་འཕེར་དགོས་པ་ནི། སྒྲིག་འཛུགས་ཀྱི་གཟུགས་བརྙན་དང་རང་བཙན་སླར་གསོའི་དགོས་ནུས་ཡིན་པ་ནན་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

མུ་མཐུད་གསུང་དོན། ང་ཚོའི་རང་བཙན་འཐབ་རྩོད་ཀྱི་སྟོབས་ཤུགས་ནི། གཞུང་དང་དབུ་ཁྲིད་ལ་གོང་བཀུར་གྱི་འདུ་ཤེས་དང། ལོ་རྒྱུས་ཀྱི་བདེན་དོན་དང་ཆིག་སྒྲིལ་གྱི་གོང་བུའི་ནུས་པ། རང་ཡིད་རང་ཆེས་ཀྱིས་རང་བཙན་འཐབ་རྩོད་བྱ་རྒྱུ་བཅས་ཡིན་ཞིང། དེ་ནི་གངས་ལྗོངས་རྒྱལ་ཁབ་ཆེན་པོའི་འདས་དོན་གྱི་བྱུང་རབས་དང། ཆོལ་གསུམ་གཅིག་གྱུར་གྱི་རིག་གཞུང་དང། འདུ་ཤེས་ལྟ་བ། མི་རིགས་ཀྱི་ལ་ཞེན། སྤུན་ཟླའི་གཅེས་སེམས་བཅས་ལས་གྲུབ་ཡོད་པས། ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་སྲུང་སྤེལ་ངང་བདེན་དོན་གྱི་རྒྱལ་ཁ་ལེན་པར། ཕྱོགས་དེ་དག་ལ་གཅེས་སྤྲས་ཀྱིས་རིན་ཐང་མཐོང་ཐུབ་པ་དང་ལག་ལེན་འཁེལ་ཐུབ་རྒྱུ་ཧ་ཅང་གལ་ཆེ་བས། ཕྱོགས་བྱེ་བྲག་པའི་ཁེ་ཕན་དང་ངོ་སྲུང་སླད། དགྲ་གཉེན་གྱི་ངོས་འཛིན་དང་ཁ་ཕྱོགས་ནོར་མི་རུང་ལ། ལོ་རྒྱུས་བདེན་དོན་འཁྱོག་བཤད་བཟོ་བཅོས་བྱེད་མི་རུང་ཞིང། ཕ་མེས་ཀྱི་གཅེས་ནོར་དང་རང་ཉིད་ཀྱི་ཁྱད་རྟགས་ཏེ་གངས་ཅན་པའི་རིག་གཞུང་སྦྱོང་སྤྱོད་སྲུང་འཛིན་ལ་སུན་སྣང་དང་སྐྱུར་འཇོག་མི་རུང་ཞེས་སོགས་གསུངས་སོང།

tycbodymeeting2དེ་རྗེས་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གཟེངས་རྟགས་དེ་༢༠༠༨ ལོར་ཞི་བའི་གྱེན་ལངས་ཆེན་མོའི་ནང་འདས་གྲོངས་སུ་ཕྱིན་པ་རྣམས་ལ་ཕུལ་བ་དང། རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་དེ་ཕྱི་ལོ་༢༠༠༨ ལོར་ཞི་བའི་གྱེན་ལངས་སྐབས་སུ་རྒྱ་ནག་གི་སྲོག་ཁྲིམས་བཅད་པའི་དཔའ་བོ་དཔའ་མོ་ཡོངས་ལ་ཕུལ་སོང། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དེ་ལོ་འདིའི་ནང་གི་ཕྱི་ཟླ་༤ ཚེས་༡༤ ཉིན་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཤུགས་ཆེར་བརྒྱབ་ནས་མི་ཤི་གོད་ཆག་གི་གནས་སྟངས་བྱུང་བའི་སྐབས་བོད་ནང་གི་དགོན་པ་དང། ཚོགས་པ། སློབ་གྲྭ། ཁྱིམ་ཚང། མི་སྒེར་པ་སོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་གིས་རོགས་རམ་ཤུགས་ཆེར་གནང་བ་ལ་བརྟེན་ནས་རོགས་རམ་གནང་མཁན་གྱི་གཞིས་ལུས་རྒྱ་ཆེ་མི་མང་ཡོངས་ལ་ཕུལ་ཡོད་པ་རེད། ས་གནས་གཞོན་ནུ་རྩེ་ཕུད་ཀྱི་གཟེངས་རྟགས་ཨང་དང་པོ་སྦེལ་ཀོབ་ས་གནས་གཞོན་ནུ་དང། ཨང་གཉིས་པ་རྡོ་རྗེ་གླིང་ས་གནས་གཞོན་ནུ། ཨང་གསུམ་པ་སིམ་ལ་ས་གནས་གཞོན་ནུ་བཅས་ལ་ཕུལ་སོང། ས་གཞོན་རྩེ་ཕུད་ཀྱི་བྱ་དགའ་ནི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀོད་ཁྱབ་འོག་ཕྱི་ལོ་༢༠༠༧ ཟླ་༧ ཚེས་༡ ནས་བཟུང། ༢༠༡༠ ཟླ་༦ ཚེས་༣ བར་ལོ་འཁོར་གསུམ་རིང་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་གྱིས་གཙོས་ལས་དོན་གང་ཅིར་འབད་བརྩོན་གང་ལེགས་གནང་བའི་བསྔགས་བརྗོད་ཀྱི་གཟེངས་རྟགས་ཤིག་ཡིན་པ་རེད།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྤྱིན་པ་ལགས་ཀྱི་བརྩམས་པའི་《ཡེ་རྡོར་ཟེར་བའི་མིང་ཐོག་རྒྱ་གཞུང་གི་འདོད་ཚུལ་སྤེལ་བ་ལ་དཔྱད་པའི་གཏམ་》ཞེས་པའི་དེབ་ཆུང་ཞིག་ཀྱང་དབུ་འབྱེད་གནང་སོང།

bookbylobsangjinpaམཇུག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་དོན། དེ་རིང་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང། དེ་བཞིན་སྤྱི་འཐུས་རྒྱུན་ལས་མང་པོ་འདིར་གཞུང་འབྲེལ་གྱིས་ཕེབས་ཡོད་པ་དེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེས་བོད་ཀྱི་བསྟན་སྲིད་ཆེད་དུ་ཕྱག་ལས་གནང་རྒྱུ་དང། གནང་བཞིན་པ་སོགས་ཀྱི་སྒྲིག་འཛུགས་དེ་ལ་གུས་འདུད་དང་རིན་ཐང་ཆེན་པོ་བརྩི་ཡི་ཡོད་པའི་རྣམ་པ་གསལ་པོ་ཐོན་གྱི་ཡོད་ཅེས་ཞུ་རྒྱུ་ཡིན་ཞེས་དང། ད་ལྟའི་ཆར་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་ཡིན་པ་གསལ་པོ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྔར་ནས་རང་བཙན་གྱི་ལྟ་གྲུབ་འགྱུར་བ་མེད་པ་འཛིན་གྱི་ཡོད་པ་དེའང་གསལ་པོ་རེད། བར་སྐབས་ཤིག་ནས་རྒྱ་གཞུང་གིས་ཐབས་ཤེས་འདྲ་མིན་བཏང་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་འཁྱོག་བཤད་བྱེད་ཀྱི་ཡོད་རེད། དེ་རིང་གི་ཚོགས་ཆེན་འདིའི་ཐོག་ནས་ཐག་ཆོད་པོའི་སྒོ་ནས་ཞུ་རྒྱུར། བཙན་བྱོལ་བོད་གཞུང་དང་ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་མ་ཡིན་པ་བརྒྱ་ཆ་བརྒྱ་ཤེས་ཀྱི་ཡོད་ལ་ངོས་འཛིན་ཡོད་པ་དེ་འཛམ་གླིང་ཕྱི་ནང་ཚང་མས་གོ་དགོས་ཀྱི་ཡོད། རྒྱ་གར་གྱི་དབུ་ཁྲིད་ཚོ་ལ་གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་འཇིགས་སྐུལ་རིང་ལུགས་པ་ཡིན་ན། གྷན་དྷི་ལ་སོགས་པ་འཇིགས་སྐུལ་རིང་ལུགས་པ་ཆགས་པའི་ཉེན་ཁ་ཞེ་དྲག་ཡོད་རེད་ཅེས་ཞུ་རྒྱུ་བྱུང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སེམས་ཤུགས་མ་ཆགས་པར་སྔོན་ལས་ལྷག་པའི་འབད་བརྩོན་དགོས་པ་དབུས་སྤྱི་ཁྱབ་རྒྱུན་ལས་དང་དེ་བཞིན་ཚོགས་མི་ཡོངས་ལ་ཞུ་རྒྱུ་དེ་ཡིན། རྒྱ་གཞུང་ལ་ལབ་རྒྱུ་གང་ཡང་མི་འདུག ག་རེ་ལབ་དགོས་པ་རེད། ཤེས་བཞིན་དུ་རྫུན་མ་འཁྲབ་མཁན་ཞིག་ལ་ག་རེ་ལབ་དགོས་པ་རེད། དེར་བརྟེན་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མུ་མཐུད་ཕྱག་ལས་གནང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང།

ཕྱི་ཚེས་༢ ནས་བཟུང་ཉིན་བདུན་རིང་གི་ཚོགས་ཆེན་ཐོག་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པ་འོས་འདེམས་སྐོར་སོགས་གྲོས་གཞི་ཁག་གི་ཐོག་ལ་བགྲོ་གླེང་ལྷུག་པོ་གནང་རྒྱུ་དང། གཞིས་ལུས་རྒྱ་ཆེའི་མི་མང་ལ་ཞུ་འདོད་པ་ནི། རྒྱལ་གཅེས་དཔའ་བོའི་གཟེངས་རྟགས་ཕུལ་བ་སོགས་ནི་ལོ་རྒྱུས་ཀྱི་ཐོག་ཏུ་འཁོད་འོས་པ་ཞིག་དང། གཟེངས་རྟགས་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་ཀྱི་སེམས་འདུན་གཅིག་ཡིན་པ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རེ་བ་ཆེ་ཤོས་དེ་འཐབ་རྩོད་ཀྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཡོད་པ། མ་འོངས་པར་གཞིས་ལུས་རྒྱ་ཆེའི་མི་མང་གིས་འཐབ་རྩོད་དེ་ཚད་མཐོ་རུ་བཏང་ནས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་འདིའི་རིང་ལ་བོད་ཀྱི་ས་ཐོག་ཏུ་གདན་འདྲེན་ཞུ་ཐུབ་རྒྱུ་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་རེ་བ་ཡིན་པ་མཚོན་བྱེད་དུ་དེ་རིང་གི་གཟེངས་རྟགས་ཕུལ་བ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ལ་བསམ་འདུན་གྱི་བརྡ་ལན་ཞིག་འབུལ་གྱི་ཡོད་ཅེས་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང།།

{jcomments on}

Share this:
༢༥ ཀློག་གྲངས།