སེམས་འཁུར་གཡོ་བ་མེད་པ་བྱས་ནས་བསྡད་ཐུབ་ན་བརྟན་བཞུགས་ངོ་མ་དེ་རེད་ཅེས་གསུངས་སོང་།

བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ལྷག་བསམ་དང་། སེམས་འཁུར་གཡོ་བ་མེད་པ་བྱས་ནས་བསྡད་ཐུབ་ན་བརྟན་བཞུགས་ངོ་མ་དེ་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་མ་སྤྱི་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞིག་ཞུས་སོང་ཞིང་། སྐབས་དེར་༧གོང་ས་མཆོག་གིས་“འདི་གར་ང་ཚོ་གྱེས་འཁོད་ཀྱི་རིས་སུ་མ་ཆད་པའི་བཙུན་དགོན་ཁག་ཚང་མ་ཐུན་མོང་གི་ཐོག་ནས། དེ་རིང་འདིར་བརྟན་བཞུགས་གནང་གིི་ཡོད་རེད། སྒྲོལ་དཀར་འཆི་མེད་ཡེ་ཤེས་འཁོར་ལོའི་སྒྲུབ་པ་དང་འབྲེལ་ནས་དེ་རིང་བརྟན་བཞུགས་གནང་གི་ཡོད་རེད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན།”ཞེས་གསུངས་རྗེས། བརྟན་བཞུགས་བསྟར་འབུལ་ཐོག་བཙུན་མ་རྣམས་ཀྱིས་ཕུལ་བའི་དམ་བཅའ་རྣམས་༧གོང་ས་མཆོག་གིས་ལྗགས་ཀློག་གནང་སོང་ཞིང་། དེའི་ནང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ཐོག་དད་དམ་གཡོ་བ་མེད་པའི་ངང་ཤར་བསྐྱོད་བྱ་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་ཤར་བསྐྱོད་བྱ་རྒྱུ། དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་མ་ཟད། ཁོ་པའི་རྗེས་འབྲང་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་དམ་བཅའ་འབུལ་རྒྱུ་བཅས་འཁོད་འདུག

དམ་བཅའ་རྣམས་ལྗགས་ཀློག་མཛད་གྲུབ་མཚམས་མུ་མཐུད་ནས་༧གོང་ས་མཆོག་གིས་གསུང་དོན་དུ་“བརྟན་བཞུགས་ཟེར་བ་དེ་ཆོ་ག་འདོན་པ་གཅིག་པུའི་སྐད་ཆ་མ་རེད། རྒྱུན་དུ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན་བླ་མའི་ཚེ་ཡུན་དུ་གནས་པར་ཕན་ཐོགས་ཡོད་རེད། དེར་བརྟེན་ཁྱོད་རང་ཚོས་དད་དམ་གཡོ་བ་མེད་པའི་སྒོ་ནས་སོ་སོའི་གནས་སྟངས་འཁྱུག་ཙམ་གསུང་པ་རེད། ཧ་ཅང་ཡག་པོ་རེད། དེའི་ནང་ལ་བཀོད་འདུག”ཅེས་དང་། ཁོང་གིས་མུ་མཐུད་བཀའ་སློབ་བསྩལ་དོན་དུ་“ང་ཚོ་རྒྱ་གར་ལ་སླེབས་ནས་བཙུན་མ་ཚོས་དཔེ་ཆ་ལྟ་དགོས་རེད་ཅེས་འབོད་སྐུལ་བྱས་ནས། དེ་གཞིར་བཟུང་བཙུན་མ་ཚོས་གཞུང་ཆེན་ལ་བལྟས་ནས་ད་ལྟ་བཙུན་མའི་དགེ་བཤེས་ཐོན་ཡོད་རེད། རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། དགེ་བཤེས་ཆགས་ཟེར་བ་དེ་ཟླ་བ་ཁ་ཤས་དང་། ལོ་ཁ་ཤས་ལ་བསྙེན་པ་བཏང་ནས་དགེ་བཤེས་ཆགས་ཐུབ་ཀྱི་མ་རེད། ལོ་མང་པོར་གཞུང་ཆེན་ཚོའི་རྩ་བ་བློ་ལ་ཟིན། འགྲེལ་པ་ཚིག་རེ་རེ་ནས་རྒྱ་གཞུང་གི་འགྲེལ་པ་དེ་ཚོའི་གྲས་རྩ་བར་བཟུང་ནས་འགྲེལ་བཤད་རང་རང་གིས་བརྒྱབ། འགྲེལ་པའི་ཐོག་ནས་གོ་བ་ཆགས་རྒྱུ་དེ་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མ་རིགས་པའི་ཐོག་ནས་བརྟག་དཔྱད་བྱས་ནས་ཁྱོད་རང་ཚོས་སློབ་གཉེར་གནང་གི་ཡོད་རེད། ཁྱོད་རང་ཚོ་མང་ཆེ་བ་དགེ་བཤེས་མ་ཚོས་ཕལ་ཆེར་ལོ་༢༠ རིང་ལ་དཔེ་ཆ་བལྟས་ནས་དེ་འདྲ་བྱས་ཡོང་བ་རེད། དེེར་བརྟེན་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་མ་གཏོགས་ཆོ་ག་འདོན་པ་དང་། རྟགས་ཆ་ལུགས་བྱས་པ་ཙམ་གྱིས་བསྟན་པ་འཛིན་སྐྱོང་བྱེད་རྒྱུ་མཚན་ཉིད་ཚང་བ་དེ་ཡོང་རྒྱུ་ཁག་པོ་རེད།”ཅེས་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་བསྟན་པ་ཡུན་རིང་དུ་གནས་པར་བསྟན་པ་འཛིན་མཁན་རྣམས་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེ་སྐོར་དང་།  འབུལ་བའི་ནང་ལ་ཐུབ་དབང་གི་སྐུ་མང་པོ་ཞིག་ཡོད་པ་ལྟར། ཁོང་གིས་མི་གཞན་དང་ཐུག་འཕྲད་སྐབས་ཐུབ་དབང་གི་སྐུ་ཕུལ་གྱི་ཡོད་ཅིང་། ཐུབ་དབང་ནི་ནང་པའི་ངོས་ནས་དམ་པའི་ཆོས་ཐོག་མར་སྟོན་མཁན་གྱི་སྟོན་པ་སངས་རྒྱས་དང་། གཞན་གྱི་ངོས་ནས་ལྟ་གྲུབ་སྨྲ་བ་ཞིག་ཡིན་པ་མ་ཟད། དེང་སང་གི་(quantum physics)ཞེས་པ་དེ་ཡང་ཐུབ་དབང་གི་གསུངས་ནང་ཡོད་པ་རྡུལ་ཕྲན་གྱི་ཚན་རིག་པས་ཁོང་ལ་བརྗོད་བྱུང་སྐོར། དེ་བཞིན་དངུལ་དངོས་ཀྱི་འབུལ་བ་ཅི་ཙམ་ཡོད་ཀྱང་དེས་ཁོང་ལ་ཁྱད་པར་གཏན་ནས་བཟོ་བཞིན་མེད་ཀྱང་། ཐུབ་དབང་གི་སྐུ་ཕུལ་བ་དེར་ཐུགས་དགྱེས་པོ་བྱུང་སྐོར་དང་། དངུལ་གྱི་འབུལ་བ་རྣམས་ནམ་རྒྱུན་ནས་མར་གནང་གི་ཡོད་པ་བཞིན་ད་ཐེངས་ཀྱང་དེ་ལྟར་མར་གནང་རྒྱུ་ཡིན་སྐོར་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་སླར་ཡང་ནན་གྱིས་གསུང་དོན་དུ་“ཁྱོད་རང་ཚོས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་ཕུལ་བ་རེད། ཁྱོད་རང་ཚོ་ཚང་མས་ཧུར་ཐག་བྱེད་ཡོང་དུས་ང་རང་ཡང་སེམས་ཤུགས་སྐྱེ་ཡོང་གི་འདུག ད་ལོ་༨༣ ལ་སླེབས་ཀྱི་ཡོད་རེད། ཡིན་ན་ཡང་། ངས་ལོ་བཅུ་ཉི་ཤུ་འདྲ་པོ་ཞིག་ལ་ཤུགས་རྒྱག་དགོས་དྲན་གྱི་འདུག འགན་འཁུར་ཞེ་དྲག་མེད་པ་བྱས། ༧རྒྱལ་བ་རིན་པོ་ཆེས་མཁྱེན་གྱི་རེད་ཟེར་ངའིསྒང་ལ་ལག་པ་ཕྱིས་བཞག་པའི་བཟོ་འདྲ་བྱས་ནས་ཕྱིན་ན་ཕན་ཐོགས་གང་མི་འདུག ཤེས་སོང་ངམ། ཚང་མས་སྤྱི་དོན་ཐོག་འཁུར་མཉམ་ལེན་བྱས་ནས་སངས་རྒྱས་ཀྱི་ཆོས་ཡིན་ནའང་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ནའང་རེད། ཚུར་ཕྱོགས་ནས་བོད་སྤྱི་པའི་དོན་དག་ལ་ཡིན་ནའང་ཁྱོད་རང་ཚོས་གོང་དུ་བཤད་པ་ནང་བཞིན་རེད། ང་ཚོ་ཚང་མ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ལྷག་བསམ་དང་། སེམས་འཁུར་གཡོ་བ་མེད་པ་བྱས་བསྡད་ཐུབ་ན་བརྟན་བཞུགས་ངོ་མ་དེ་རེད། ཤེས་སོང་ཨ། ཐུགས་རྗེ་ཆེ་”ཞེས་གསུངས་སོང་།

ད་ཐེངས་ཀྱི་བརྟན་བཞུགས་ནང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་དགོན་ཆེ་ཆུང་༤༠ ལྷག་གི་བཙུན་མ་དང་སྐུ་ཚབ་བཅས་ཁྱོན་དགེ་འདུན་པ་༨༧༥ བཅར་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༤༢༦ ཀློག་གྲངས།