དེང་སང་གི་སྤྲུ་སྐུ་འགའ་ཞིག་གི་སྤྱོད་ལམ། །

ཅ་ཅོའི་དབྱངས་གྱེར་ཆོ་གའི་འགྲོས་མི་ཤེས། །
ཆ་ལུགས་ཆོས་པའི་ཟོལ་གྱིས་འཕྱོར་འགྲོས་མཁན། །
ཇ་མ་རྒན་མོ་ཞིག་གི་ལྷག་བསམ་མེད། །
ཉ་སྟོང་ཟླ་བཞིན་སྤངས་དང་རྟོགས་པས་དབེན ། །
ཏཱ་ལའི་བླ་མའི་བཀའ་ལ་མི་བརྩི་བར། །
ཐ་མལ་མི་ལ་མགོ་བསྐོར་དབང་བསྐུར་བྱས། །
ད་ནི་ང་ལས་ལྷག་ཅིག་མེད་དོ་སྙམ། །
ན་ཆུང་རྒྱ་མོ་འགའ་རེ་གྲོགས་སུ་བཀུག
པ་ལོ་མགོ་སྦུ་བྲེགས་ནས་སྔགས་པ་ཟེར། །
ཕ་རྒན་ཡིན་བཞིན་ད་དུང་ངུར་སྨྲིག་གྱོན། །
བ་གླང་ཡ་སོ་ཅན་གྱི་སྤྲུལ་མིང་པ། །
མ་ཧཱ་གུ་རུའི་ལུགས་དང་ཁྱོད་མ་མཐུན། །
ཙ་རི་ཏྲ་སོགས་དམ་པའི་དབེན་གནས་སུ། །
ཚ་གྲང་དཀའ་བ་སྤྱད་པའི་ལོ་རྒྱུས་མེད། །
ཛ་དྲགས་ཁ་བ་ཅན་པའི་ལས་འགུལ་སྐབས། །
ཝ་མོ་ཁུང་འཛུལ་བཞིན་དུ་མཐོང་ཡ་མེད། །
ཞཱ་མོ་དམར་སེར་བསྟན་པའི་ལ་རྒྱ་དེ། །
ཟ་རྒྱུ་ཁོ་ནའི་ཆེད་དུ་དངུལ་ལོར་བརྗེ། །
འ་ཅག་ནང་པ་ཡོངས་དང་མི་མཐུན་པའི། །
ཡ་མ་བརླ་ཁྱེད་བསྟན་པའི་ཞབས་འདྲེན་ཡིན། །
ར་ལུགས་འཚོ་སྐྱོང་མཁན་དང་འདི་གཉིས་ལ། །
ལྭ་བ་དམར་པོ་ཞིག་གི་ཁྱད་པར་ཙམ། །
ཤ་མདོག་དཀར་བའི་གདོང་པ་མཛེས་མོད་ཀྱང་། །
ས་ཐོབ་སེམས་དཔའ་ཡིན་པའི་དཔང་རྟགས་མིན། །
ཧ་ཅང་ཐལ་ཆ་ཆེ་བའི་ཀུན་སྤྱོད་ཅན། །
ཨ་མདོ་ནས་བཟུང་མངའ་རིས་བར་དུ་ཁྱབ། །
ཧ་ལམ་དྲང་པོར་སྨྲས་པའི་སྐད་ཆ་འདི། །
ཨ་མཆོག་རྒྱབ་ཏུ་མ་གཡུག་ཡིད་ལ་ཟུངས། །
འདི་ནི་སྤྲུལ་སྐུའི་མིང་འཛིན་མཁན་རེ་ཟུང་ཞིག་ལ་བརྗོད་པ་ལས་དམ་པའི་སྐྱེས་བུ་རྣམས་ལ་སྐུར་འདེབས་བྱས་པ་ནི་གཏན་ནས་མིན། །

 

Share this:
༧༡ ཀློག་གྲངས།