དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས།

ཉིན་དང་པོའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། སྤྱི་འཐུས་ཨ་ཙརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་སྒྲོལ་མ་མཚོ་མོ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་དང། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་སོང།

ཚོགས་འདུ་དེའི་སྐོར་དབུ་མའི་ལམ་གྱི་རྒྱུན་ལས་སྨན་པ་མཁྱེན་རབ་ལགས་ཀྱིས་ངོ་སྤྲོད་གནང་དོན། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ཞེས་པ་དེ་པྱི་ལོ་༢༠༠༧ ལོར་ང་ཚོ་ཁག་ཅིག་འཛོམས་ནས་བགྲོ་གླེང་དང་སྦྱངས་བཤད་བྱས་ནས་འགོ་བཙུགས་པ་དང། ༢༠༠༨ ལོར་དངོས་སུ་དབུ་མའི་ལམ་གྱི་ཚོགས་འདུ་འཚོགས་ཐུབ་པ་བྱུང་བ་མ་ཟད། རྒྱུན་ལས་གསར་འདེམས་སོགས་བྱེད་ཐུབ་པ་བྱུང་ཡོད་རེད། ད་ལྟའི་ཆར་རྒྱུན་ལས་སྐབས་གཉིས་པ་དེ་ཆགས་བསྡད་ཡོད་པ་དང་ལོ་གསུམ་རེའི་མཚམས་སུ་རྒྱུན་ལས་གསར་འདེམས་བྱེད་རྒྱུའི་གཏན་ཁེལ་བྱུང་ཡོད་རེད། དབུས་རྒྱུན་ལས་མི་བདུན་ཡོད་རེད། སྤྱིར་བཏང་ལས་འགུལ་ཁང་འདི་འཛུགས་དགོས་དོན་ནི། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བོད་གཞུང་གི་སྲིད་བྱུས་ཡིན་པ་ཙམ་མ་ཡིན་པར། མི་མང་རང་གིས་འགན་ཁུར་ནས་ལས་ཀ་བྱེད་རྒྱུའི་ཆེད་དུ་བཙུགས་པ་རེད།

ལས་འགུལ་ཁང་འདིའི་ཐོག་མའི་དམིགས་ཡུལ་ནི། དང་པོ། ༧སྐྱབས་མགོན་རིན་པོ་ཆེས་ལམ་སྟོན་གནང་བའི་དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་རྒྱུ་དང། གཉིས་པ། རྒྱ་ནག་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་སྒྲིལ་དང། བོད་ཀྱི་ཆོས་བརྒྱུད་མཚོན་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུ། གསུམ་པ། བོད་རྒྱ་ཞི་མོལ་གང་མགྱོགས་ཡོང་ཐབས་བྱ་རྒྱུ། བཞི་པ། དབུ་མའི་ལམ་དེ་ངོ་ལྐོག་མེད་པའི་སྲིད་བྱུས་ཡང་དག་ཅིག་ཡིན་པར་བོད་ཕྱི་ནང་དང། རྒྱ་ནག་ནང་ལོགས་བཅས་སུ་ལས་འགུལ་སྤེལ་རྒྱུ་རེད་ཅེས་སོགས་ངོ་སྤྲོད་གནང་སོང།

middelway-meeingསྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་དོན། ནམ་རྒྱུན་སྤྱི་ཚོགས་ནང་དུ་གཞུང་གིས་ལངས་ཕྱོགས་གཅིག་བཟུང་གི་རེད་དེ། མི་མང་གིས་ལངས་ཕྱོགས་གཅིག་འཛིན་དགོས་པ་རེད་ཅེས་པ་དེར་ཏོག་ཙམ་ཡ་མཚན་སྐྱེ་ཡི་འདུག གཞུང་གི་ལངས་ཕྱོགས་ལ་མི་མང་གིས་རྒྱབ་སྐྱོར་གྱི་རྣམ་པ་དེ་མི་དགོས་པ་ལྟ་བུའི་བསམ་ཚུལ་དེ་འདྲ་ཡོང་གི་འདུག ཁྱེད་རང་ཚོ་དབུ་མའི་ལམ་གྱི་སྒྲིག་འཛུགས་གལ་ཆེན་པོ་ཡིན་པ་བཞིན་བཙུགས་པ་རེད། དམིགས་ཡུལ་དེ་ཚོ་ཡག་པོ་འདུག མཐུན་རྐྱེན་སྦྱར་མཁན་ཚོ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱིར་བཏང་སྤྱི་ཚོགས་ནང་དུ་མི་ཁག་ཅིག་ལ་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་ཞིག་ཨེ་ཡོད་ན་བསམ་གྱི་འདུག དཔེར་ན། རང་བཙན་གྱི་ལྟ་བ་བཟུང་མཁན་གྱི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་དང་རང་ཐག་རང་གཅོད་ཀྱི་ལྟ་བ་འཛིན་མཁན་འོས་མིར་བཏོན་མཁན་འདུག དབུ་མ་ཡིན་ཟེར་མཁན་ཚོས་རང་ཐག་རང་གཅོད་ཀྱི་ལྟ་བ་བཟུང་མཁན་ལ་རྒྱབ་སྐྱོར་གནང་མཁན་དེ་འདྲ་འདུག ད་ལྟ་བར་དུ་རང་བཙན་བཤད་མཁན་དེ་འདྲས་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡིན་ཟེར་མཁན་དེ་འདྲ་ཡོང་གི་འདུག དབུ་མའི་ལམ་གྱི་ཚགས་པར་ནང་རང་བཙན་གྱི་ལྟ་བ་བཟུང་མཁན་དང། དེ་མ་ཡིན་པ་དེ་འདྲའི་མིང་བཏོན་མཁན་དེ་འདྲ་ཡང་འདུག མདོར་ན། མི་མང་ནང་དུ་ལངས་ཕྱོགས་གསལ་པོ་ཞིག་དགོས་ཀྱི་འདུག དབུ་མའི་ལམ་གྱི་ལས་འགུལ་ཁང་གིས་ཀྱང་མང་ཚོགས་ནང་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་དབུ་མའི་ལམ་གྱི་བྱུང་རིམ་སྐོར་ངོ་སྤྲོད་རྒྱས་བཤད་གནང་སོང།

དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་ད་ལྟའི་ཆར་ས་གནས་༢༥ ལ་འབྲེལ་མཐུད་ཁང་བཙུགས་ཡོད་པ་དང། དེ་རིང་ཚོགས་འདུ་འདིའི་སྟེང་ས་གནས་ཁག་བཅོ་བརྒྱད་ནས་མི་མང་གིས་བདམས་པའི་འབྲེལ་མཐུད་པ་རྣམས་ཚོགས་བཅར་བྱས་ཡོད་པ་རེད།།

{jcomments on}

Share this:
༣༠ ཀློག་གྲངས།